ཤེས་རིག་ལས་ཁུངས་ཀྱིས་བོད་སློབ་འཛིན་ཚོགས་ནས་སློབ་གྲྭ་༡༤ རྩིས་བླངས་ཟིན་པ།
ད་ལྟའི་ཆར་བོད་སློབ་འཛིན་ཚོགས་ཀྱི་གཞི་རིམ་འོག་མའི་སློབ་གྲྭ་ཁག་༩ དང་འབྲིང་རིམ་སློབ་གྲྭ་ཁག་༥ བཅས་༡༤ ཤེས་རིག་ལས་ཁུངས་ཀྱིས་སཾ་བྷོ་ཊའི་ཁྱབ་ཁོངས་སུ་རྩིས་ལེན་བྱས་ཟིན་ཡོད་པ་དང་། ད་དུང་སློབ་གྲྭ་རྩིས་ལེན་རྒྱུ་ཡིན་པ་འཛིན་གྲྭ་བཅུ་པ་ཡོད་མཁན་༥ དང་འཛིན་གྲྭ་༡༢ ཡོད་མཁན་༩ བཅས་སློབ་གྲྭ་༡༤ ལྷག་ཡོད་པ་རེད་འདུག དེ་བཞིན་དེ་སྔོན་ནས་སྔོན་འགྲོའི་སློབ་གྲྭ་༣༣ རྩིས་ལེན་བྱས་ཟིན་འདུག
ད་ལྟའི་ཆར་བོད་སློབ་འཛིན་ཚོགས་ཀྱི་གཞི་རིམ་འོག་མའི་སློབ་གྲྭ་ཁག་༩ དང་འབྲིང་རིམ་སློབ་གྲྭ་ཁག་༥ བཅས་༡༤ ཤེས་རིག་ལས་ཁུངས་ཀྱིས་སཾ་བྷོ་ཊའི་ཁྱབ་ཁོངས་སུ་རྩིས་ལེན་བྱས་ཟིན་ཡོད་པ་དང་། ད་དུང་སློབ་གྲྭ་རྩིས་ལེན་རྒྱུ་ཡིན་པ་འཛིན་གྲྭ་བཅུ་པ་ཡོད་མཁན་༥ དང་འཛིན་གྲྭ་༡༢ ཡོད་མཁན་༩ བཅས་སློབ་གྲྭ་༡༤ ལྷག་ཡོད་པ་རེད་འདུག དེ་བཞིན་དེ་སྔོན་ནས་སྔོན་འགྲོའི་སློབ་གྲྭ་༣༣ རྩིས་ལེན་བྱས་ཟིན་འདུག
ཟླ་འདིའི་ཚེས་༢༧ ཉིན་དྷ་སའི་ཉེ་འགྲམ་གྱི་ཤེས་རབ་དགའ་ཚལ་སློབ་གླིང་དུ། སཾ་བྷོ་ཊའི་ཁྱབ་ཁོངས་གཏན་ཉིན་སློབ་གྲྭ་ཁག་གི་དམིགས་བསལ་འགན་འཛིན་ཚོགས་འདུ་འཚོགས་ཡོད་པ་དང་། དེར་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་དང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་། དེ་བཞིན་སཾ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་༢༡ ཀྱི་འགན་འཛིན་སོགས་མཉམ་ཞུགས་བྱས་སོང་།
སཾ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་གིས་མཛད་སྒོའི་ངོ་སྤྲོད་དང་འབྲེལ་ནས་གསུང་བཤད་གནང་སྐབས། ཐེངས་འདིའི་ཚོགས་འདུ་དེ་ཛ་དྲག་ཐོག་ནས་ཉེ་ཆར་བོད་སློབ་འཛིན་ཚོགས་ནས་དེ་སྔོན་གཞི་རིམ་འོག་མའི་སློབ་གྲྭ་ཁག་༤ རྩིས་ལེན་བྱས་ཟིན་ཡོད་ཁར། ཉེ་ཆར་གཞི་རིམ་འོག་མའི་སློབ་གྲྭ་༥ དང་འབྲིང་རིམ་སློབ་གྲྭ་ཁག་༥ བཅས་སློབ་གྲྭ་ཁག་༡༠ རྩིས་ལེན་བྱས་ཡོད་པས། སློབ་གྲྭ་དེ་དག་ནང་དགེ་རྒན་ཁ་སྐོང་དང་འགན་འཛིན་བསྐོ་བཞག་ལས་གཞི་གྲུབ་ཟིན་ཡོད་པ་དང་། སློབ་གྲྭ་ཁག་ཁ་ཤས་ནང་དགེ་ཆེ་གསར་པ་བསྐོས་ཡོད་པས། དེ་དག་ལ་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཐོག་ལམ་སྟོན་བྱེད་རྒྱུ། དེ་བཞིན་སློབ་གྲྭའི་ཤེས་ཡོན་དང་སློབ་ཕྲུག་གི་འཚར་ལོངས་སོགས་ཀྱི་ཐོག་ལ་ཡར་རྒྱས་གཏོང་ཐབས་སྐོར་ལ་གྲོས་བསྡུར། དགེ་ཆེ་དང་སློབ་སྤྱི་རྙིང་པ་རྣམས་དང་གསར་པའི་བར་ལ་ཉམས་མྱོང་བརྗེ་རེས་བྱེད་རྒྱུ་སོགས་ཀྱི་ཆེད་དུ་ཛ་དྲག་གི་ཚོགས་འདུ་དེ་བསྐོངས་ཡོད་པ། ཚོགས་བཅར་བ་རྣམས་ལ་སཾ་བྷོ་ཊའི་འཛིན་སྐྱོང་ལག་དེབ་མཁོ་སྤྲོད་བྱ་རྒྱུ་དང་དེ་ལྟར། སློབ་གྲྭའི་ནང་ཉིན་རེའི་བྱ་གཞག་ཐོག་ལ་ལམ་སྟོན་དང་གྲོས་བསྡུར་བྱེད་རྒྱུ་ཡིན་པ་སོགས་ཀྱི་སྐོར་ལ་གསུངས་སོང་།
དེ་བཞིན་ཁོང་གིས་རྒྱུན་ལྡན་ནས་ལས་དོན་ག་རེ་ཡིན་ཡང་མགྱོགས་པོ་དང་ཡག་པོ། ཆ་ཚང་པོ་ཐོག་ནས་བྱེད་དགོས་པར་བཤད་ཀྱི་ཡོད་ལ། རྩིས་ལེན་བྱས་པའི་སློབ་གྲྭ་ཁག་ཡག་པོ་ཡོང་གི་ཡོད་པའི་སྤོབས་པ་ཡོད་པས་འགན་འཛིན་རྣམས་ཀྱིས་སྤོབས་ཆེན་པོའི་ཐོག་ནས་ལས་ཀ་བྱེད་དགོས་སྐོར་གསུངས་སོང་།
སྲིད་སྐྱོང་བློ་བཟང་སེང་གེས་གསུང་དོན། བཀའ་ཤག་སྐབས་༡༤ པས་ཤེས་ཡོན་དེ་གལ་ཆེ་ཤོས་ལ་བརྩིས་ཡོད་པ་ལྟར། བཀའ་ཤག་སྐབས་༡༥ པས་དེ་ལྟར་བརྩི་ཡི་ཡོད་པ། རྒྱ་ནག་ལ་ཁ་གཏད་གཅོག་པར་ཤེས་ཡོན་དེ་གལ་ཆེན་ཡིན་པས། འཛིན་སྐྱོང་ནས་མཐུན་རྐྱེན་གང་ཐུབ་སྦྱར་གྱི་ཡོད་པས། གལ་ཏེ་མཐུན་རྐྱེན་དགོས་པ་ཡོད་ཚེ་ཡར་ཞུ་དགོས་སྐོར་གསུངས་སོང་།
དེ་བཞིན་ཁོང་གིས་བོད་ཀྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་དུས་ནས་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་དཀའ་ངལ་ཁྱད་བསད་ཐོག་བཀའ་འགྱུར་བསྟན་འགྱུར་སོགས་བསྒྱུར་ཐུབ་པ་བྱུང་ཡོད་པ་དང་། དེ་ལས་བོད་མི་རིགས་ལ་འཇོན་ཐང་མེད་པ་མ་ཡིན་པ་གསལ་པོ་ཡིན་པས། ད་ལྟའི་ཆར་ཆོས་ཕྱོགས་ཐོག་ནས་གྲུབ་འབྲས་གསལ་པོ་ཡོད་པ་རེད་ལ། དེང་དུས་ཤེས་ཡོན་ཐོག་ཤུགས་སྣོན་རྒྱག་དགོས་སྐོར་གསུངས་སོང་།
ཁོང་གིས་མུ་མཐུད་གསུང་དོན། རྒྱ་གར་ནང་དུ་གཏན་སྡོད་བྱས་ནས་མི་ལོ་མང་པོར་སློབ་གྲྭ་ཁག་ནང་ཤེས་ཡོན་ཐོག་ལ་དཀའ་ལས་རྒྱག་མཁན་གྱི་འགན་འཛིན་རྣམ་པའི་བློས་གཏོང་ཆེན་པོ་བྱས་ཡོད་པས། བཀའ་དྲིན་ཆེན་པོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ། དེ་བཞིན་སློབ་གྲྭའི་ལས་བྱེད་ཚོས་ཐག་གཅོད་གསལ་པོ་དང་དམ་བཅའ་བརྟན་པོ་དགོས་པ་སོགས་ཀྱི་སྐོར་ལ་གསུངས་སོང་།
ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་གསུང་དོན། བཀའ་ཤག་སྐབས་༡༤ དང་སྲིད་སྐྱོང་མཆོག་ནས་ཤེས་ཡོན་ཐོག་ལ་དཀའ་ལས་ཆེན་པོ་བརྒྱབ་ཡོད་པ། བོད་སློབ་འཛིན་ཚོགས་ནས་སློབ་གྲྭ་ཁག་རྩིས་ལེན་བྱས་པས། རྩོད་རྙོག་དང་འགན་ཆེ་རུ་ཕྱིན་ཡོད་ཀྱང་། དེ་དག་སློབ་ཕྲུག་ཚོའི་ཤེས་ཡོན་དང་འཚར་ཡོང་ཡག་པོ་ཡོང་ཆེད་ཡིན་པས་དགའ་སྤོབས་ཆེན་པོ་ཡོད་སྐོར། དེ་བཞིན་ཁོང་གིས་སློབ་གྲྭ་ཁག་ནང་དགེ་རྒན་ཚད་ལྡན་དགོས་པ་དང་། སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་གནས་ཚད་ཚད་དང་ལྡན་པ་ཡོང་བ་བྱེད་དགོས་སྐོར་གསུངས་སོང་།
ཚོགས་འདུ་དེ་ཉིན་གསུམ་རིང་འཚོགས་ཀྱི་ཡོད་པ་དང་། དེའི་རིང་སཾ་བྷོ་ཊའི་ལམ་སྟོན་ལག་དེབ། བྱིས་པའི་ཀློག་རྩལ་དང་འབྲེལ་བའི་ལས་གཞི། གཏན་སློབ་ཁག་ནང་རྒྱུན་མཐུད་ཞིབ་འཇུག རྩིས་ལེན་བྱུང་བའི་སློབ་གྲྭ་ཁག་ལ་རྩིས་དང་འབྲེལ་བའི་ལམ་སྟོན་དང་གསལ་བཤད། སློབ་གྲྭ་ཁག་གི་ལོ་འཁོར་ལས་བསྡོམས་འབུལ་ཕྱོགས། ཤེས་ཡོན་སྲིད་ཇུས་སྐོར། བོད་ཡིག་རྨང་གཞི་ཡར་རྒྱས་གཏོང་ཐབས་སོག་ཀྱི་སྐོར་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་འདུག དེ་བཞིན་༧གོང་ས་མཆོག་གི་བཀའ་དགོངས་བཞིན་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དེ་སློབ་གྲྭ་ཁག་ནང་ངོ་སྤྲོད་བྱེད་ཕྱོགས་ཀྱི་ལས་འཆར་བཟོ་འགོད། དེ་བཞིན་གྲོས་ཆོད་གྲོས་གཞི་གཏན་འབེབས་བཅས་བྱེད་རྒྱུ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།