༢༠༢༡ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་གསར་འགོད་པ་གཉིས་ལ་ཐུན་མོང་དུ་ཐོབ་འདུག
༢༠༢༡ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་ཧྥི་ལིད་ཕིན་གྱི་གསར་འགོད་པ་མཱ་རེ་ཡ-རེ་ས་(Maria Ressa) དང་། ར་ཤི་ཡའི་གསར་འགོད་པ་ཌ་མེ་ཋི-མུ་ར་ཐོ་(Dmitry Muratov) གཉིས་ལ་ཐོབ་འདུག་ཅིང་། ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གི་གཞུང་འབྲེལ་གསལ་བསྒྲགས་ནང་། ཁོང་གཉིས་ཀྱི་མང་གཙོ་དང་ཞི་བདེའི་རྨང་གཞིར་གྱུར་བའི་“སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱེད་པའི་སྙིང་སྟོབས་དང་འབད་བརྩོན་”ལ་ཕུལ་བ་ཡིན་སྐོར་བསྒྲགས་འདུག

ད་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མི་༣༢༩ བྱུང་བ་ལས། ཁོང་འདེམས་ཐོན་བྱུང་བ་ཡིན་འདུག་ཅིང་། ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་ཁོང་གཉིས་པོ་“ཡང་དག་པའི་ལྟ་གྲུབ་ཆེད་དུ་ལང་མཁན་གྱི་གསར་འགོད་པ་ཚང་མའི་སྐུ་ཚབ་ཆགས་ཡོད་”པའི་བསྟོད་བསྔགས་ཐེན་འདུག
ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་རཱ་ཕལ་གསར་ཁང་(Rapple) གསར་འཛུགས་བྱེད་མཁན་གྱི་ལྕམ་མཱ་རེ་ཡ-རཱ་ས་ནི་སྨྲ་བརྗོད་རང་དབང་བེད་སྤྱོད་བྱས་ཏེ་“སོ་སོའི་ཕ་ཡུལ་ཧྥི་ལིད་ཕིན་གྱི་ནང་དུ་དབང་ཆ་ལོག་སྤྱོད་དང་། འཚེ་བ་དང་སྒེར་གཅོད་ཀྱི་བྱ་སྤྱོད་ཤུགས་ཆེ་རུ་འགྱུར་བ་དེ་ཐེར་འདོན་བྱས་ཡོད་”ཅེས་བསྔགས་འདུག་ལ། དེ་བཞིན་རང་དབང་ཅན་གྱི་གསར་ཁང་ནོ་ཝ་ཇཱ་(Novaja Gazeta) གསར་འཛུགས་བྱེད་མཁན་དང་། གསར་ཁང་དེའི་རྩོམ་སྒྲིག་པ་ཌ་མེ་ཋི-མུ་ར་ཐོ་ཡིས་ར་ཤི་ཡ་རུ་འདས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་ལ་སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱས་ཡོད་ཅེས་ཁོང་གི་མཛད་རྗེས་འགྲེལ་བརྗོད་བྱས་འདུག
ནོ་སྦེལ་གཟེངས་རྟགས་ནི་འཛམ་གླིང་སྟེང་གི་གཟི་བརྗིད་དང་། ཆེ་མཐོང་ཆེ་ཤོས་ཀྱི་གཟེངས་རྟགས་དེ་ཆགས་ཡོད་པ་དང་། དེ་ནི་སུའུ་ཌན་གྱི་གསར་གཏོད་པ་ཆེན་པོ་ཨལ་ཧྥ་ཊི-ནོ་སྦེལ་(Alfred Nobel) གྱི་ཞལ་ཆེམས་ལྟར་འགོ་ཚུགས་པ་ཞིག་ཡིན་ཞིང་། གཟེངས་རྟགས་ཐོག་མ་དེ་ཕྱི་ལོ་༡༩༠༡ སྟེར་འགོ་བརྩམས།
གཟེངས་རྟགས་དེ་ལོ་རེ་རེའི་ནང་ལས་རིགས་མི་འདྲ་བ་འགའི་ཐོག་ནས“འགྲོ་བ་མིའི་རིགས་ལ་ཕན་རླབས་ཆེ་ཤོས་སྐྲུན་མཁན་གྱི་མི་སྣ་དག་”ལ་འབུལ་སྲོལ་ཡོད་ཅིང་། གཟེངས་རྟགས་ཐོབ་མཁན་རྣམས་ལ་དངོས་པོ་གསུམ་སྟེ། ནོ་སྦེལ་གྱི་ལག་ཁྱེར་གཅིག་དང་། རྟགས་མ་གཅིག དེ་བཞིན་དངུལ་བཅས་སྟེར་གྱི་ཡོད། གལ་སྲིད་གཟེངས་རྟགས་གཅིག་མི་གཉིས་སམ་གསུམ་ལ་ཐོབ་ན། གཟེངས་རྟགས་ཀྱི་དངུལ་བགོ་བཤའ་རྒྱག་པ་དང་། དངུལ་ལེན་པ་ལ་ངེས་པར་དུ་གཏམ་བཤད་ཅིག་གནང་དགོས།
གསར་འགོད་པ་དཀོན་མཆོག་རབ་བརྟན།