༢༠༢༡ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་སྙན་ཐོ།

ཟླ་འདིའི་ཚེས་༢༦ ཉིན་དྷ་སར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་༢༠༢༡ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་སྙན་ཐོ་ཞིག་རྒྱ་བོད་དབྱིན་གསུམ་གྱི་སྐད་ཡིག་ཐོག་འདོན་སྤེལ་གྱི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སོང་ལ། ༢༠༢༡ ལོར་བོད་ནང་དུ་བོད་མི་ཁྱོན་བསྡོམས་༡༦༨ འཛིན་བཟུང་བཀག་ཉར་བྱས་པ་ཤེས་རྟོགས་བྱུང་སྐོར་གསུངས་སོང་།

ཟླ་འདིའི་ཚེས་༢༦ ཉིན་དྷ་སར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་༢༠༢༡ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་སྙན་ཐོ་ཞིག་རྒྱ་བོད་དབྱིན་གསུམ་གྱི་སྐད་ཡིག་ཐོག་འདོན་སྤེལ་གྱི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སོང་ལ། ༢༠༢༡ ལོར་བོད་ནང་དུ་བོད་མི་ཁྱོན་བསྡོམས་༡༦༨ འཛིན་བཟུང་བཀག་ཉར་བྱས་པ་ཤེས་རྟོགས་བྱུང་སྐོར་གསུངས་སོང་།

སྐབས་དེར་ལས་རིམ་ངོ་སྤྲོད་བྱེད་མཁན་བསྟན་འཛིན་བཟང་མོས་ཐེངས་འདི་གསར་འགོད་གསལ་བསྒྲགས་ཀྱི་དམིགས་ཡུལ་གཙོ་བོ་ནི། ཕྱི་ལོ་༢༠༢༡ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ་འདོན་སྤེལ་བྱེད་རྒྱུ་དང་། གཉིས་ནི་འགྲོ་བ་མིའི་ཐོབ་ཐང་ཐོག་གོ་རྟོགས་སྤེལ་རྒྱུ་དང་འདས་པའི་མི་ལོ་ཉེ་ལྔ་ལྷག་གི་སྙན་ཐོ་དང་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལོག་པར་ལན་འདེབས་སུ་དངོས་ཡོད་གནས་ཚུལ་སོགས་ཁྱབ་སྤེལ་བྱེད་ཆེད་དྲྭ་ཚིགས་ཤིག་བསྐྱར་བཟོ་བྱས་ཡོད་པ་ངོ་སྤྲོད་བྱས་སོང་།

ཐེངས་འདིར་ལོ་འཁོར་སྙན་ཐོ་འདོན་དགོས་པའི་གལ་གནད་ཀྱི་ཐོག་ཏུ་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས་ཕྱི་ལོ་༢༠༢༡ ལོ་འགྲོ་བ་མིའི་ཐོབ་ཐང་ལ་འགྱུར་བ་ག་རེ་འགྲོ་ཡོད་མེད་དང་། སེམས་འཚབ་བྱེད་དགོས་པའི་གདན་དོན་གསར་པ་ག་རེ་བྱུང་ཡོད་མེད། དེ་བཞིན་ལོ་མང་པོའི་རིང་ལ་ཡར་རྒྱས་མ་སོང་བའི་གནད་དོན་གང་དང་གང་ཡིན་མིན་བཅས་གསལ་བོ་ཤེས་པའི་ཆེད་དུ་ལོ་འཁོར་སྙན་ཐོ་དེ་འདོན་སྤེལ་བྱེད་རྒྱུ་གནད་འགག་ཆགས་ཡོད་པ་འགྲེལ་བརྗོད་གནང་སོང་ལ། ད་ལྟ་བོད་ནང་གི་གནས་སྟངས་ནི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཙམ་མ་ཡིན་པར་བོད་མི་རིགས་དེ་འཆི་དང་གསོན་གྱི་གནས་སྟངས་ཤིག་ཏུ་བསླེབས་ཡོད་པར་འགྲེལ་བརྗོད་གནང་སོང་།

གཞན་ཡང་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ཀྱིས་རང་ཉིད་ཀྱི་ཚེ་སྲོག་གཅེས་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་པར་འཛིན་དགོས། མི་རིགས་མཐུན་སྒྲིག་ནི་རྩམ་པ་བརྫིས་པ་བཞིན་གོང་བུར་གཅིག་དང་རྡོག་པོར་གཅིག་ཏུ་སྒྲིལ་དགོས་ཞེས་རྒྱ་ནག་གིས་དྲིལ་བསྒྲགས་བྱེད་པ་ལྟར་རྒྱ་ནག་འོག་གི་མི་རིགས་གང་ཡོད་ཐམས་ཅད་རྩམ་པ་བརྫིས་པ་ལྟར་གོང་བུ་གཅིག་ཏུ་སྒྲིལ་གྱི་ཡོད་པའི་སྐོར་དང་། རྒྱ་ནག་གིས་བཤད་པའི་མི་རིགས་མཐུན་སྒྲིལ་ནི་ང་ཚོ་སྤྱི་ཡོངས་ཀྱིས་བཤད་པའི་མི་རིགས་མཐུན་སྒྲིལ་དང་གཅིག་པ་མིན་པ་དང་། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་གྱི་ཡོད་པ་དང་སྐད་ཡིག་གི་མ་རྩ་མེད་པ་བཟོ་རྒྱུ་སོགས་ཀྱི་སྲིད་བྱུས་མང་པོ་ཞིག་ལག་བསྟར་བྱེད་ཀྱི་ཡོད་པས་ཐེངས་འདིའི་སྙན་ཐོའི་བརྒྱ་ཆ་བདུན་ཅུ་ཙམ་ཞིག་གནད་དོན་དེའི་ཐོག་ལ་ཡིན་པ་འགྲེལ་བརྗོད་བྱས་སོང་།

དེ་བཞིན་སྙན་ཐོའི་ནང་དུ་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་སུ་སྐུལ་འདེབས་ཞུ་བ་དང་། རྒྱའི་སྤྱི་སྐད་དར་སྤེལ་དང་བོད་ཀྱི་སྒེར་བཙུགས་སློབ་གྲྭ་སྒོ་བརྒྱབས་པ། རང་སྐྱོང་གི་གནས་བབ་ཉམས་རྒུད། བོད་ཀྱི་ཤེས་ལྡན་མི་སྣ་འབུར་འཇོམས་དང་དྲང་བདེན་གྱི་སྨྲ་བརྗོད་འགོག་པ། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བ་དང་། དམ་དྲག་གི་བཀའ་རྒྱ། གཏོར་བཤིག་དང་ཕྱིར་ཕུད། འཇུ་བཟུང་དང་མནར་གཅོད། བཀག་རྒྱ་དང་དོགས་སྲུང་སོགས་བརྗོད་གཞི་སྣ་ཚོགས་ཐོག་ཞི་ཕྲའི་གནས་ཚུལ་བཀོད་པའི་ཤོག་གྲངས་སུམ་ཅུ་སོ་གཅིག་ཅན་གྱི་སྙན་ཐོ་ཞིག་འདོན་སྤེལ་བྱས་སོང་།

སྙན་ཐོ་དེའི་ནང་འཇུ་བཟུང་དང་བཙོན་འཇུག་བྱས་པའི་ཤེས་ལྡན་མི་སྣ་ཁག་ཅིག་མིང་འདོན་བྱས་འདུག་ལ། མང་ཆེ་བའི་ད་ལྟའི་གནས་སྟངས་ཤེས་རྟོགས་གསལ་པོ་མེད་པ་ཆགས་འདུག་པའི་ནང་། རེབ་གོང་ནས་ཡིན་པའི་སྙན་ངག་པ་རོང་བོ་དགེ་འདུན་ལྷུན་འགྲུབ་དང་། རྫ་ཆུ་ཁ་ནས་ཡིན་པའི་ན་གཞོན་རྩོམ་པ་དང་སློབ་དགེ་ས་བུ་ཆེ། གསེར་རྟ་ནས་ཡིན་པའི་རྩོམ་པ་པོ་དགེ་འདུན་པ་གངས་བུ་གཡུ་བྷྲུཾ། གསེར་རྟ་ནས་ཡིན་པའི་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས། བྲག་མགོ་ནས་ཡིན་པའི་ན་གཞོན་རྩོམ་པ་པོ་སྒོ་ཡོན། རེབ་གོང་ནས་ཡིན་པའི་སྙན་ངག་པ་རོང་བོ་གངས་དཀར། གསེར་རྟ་ནས་ཡིན་པའི་རྩོམ་པ་པོ་དང་ཁོར་ཡུག་སྲུང་སྐྱོབ་པ་སྲས་རྣམ། རྔ་པ་ནས་ཡིན་པའི་རྩོམ་པ་པོ་སྒོ་ཤེས་རབ་རྒྱུ་མཚོ། མགོ་ལོག་ནས་ཡིན་པའི་རྩོམ་པ་པོ་དྷི་ལྷ་ལྡན། རྔ་བ་ནས་ཡིན་པའི་རྩོམ་པ་པོ་རིན་ཆེན་ཚུལ་ཁྲིམས་བཅས་རེད་འདུག །

གསར་འགོད་པ་བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།