༧གོང་ས་མཆོག་གི་བཀའ་དྲིན་ལ་བསམ་ཤེས་ཡོད་ན་དབུ་མའི་ལམ་ལ་ཡང་དག་ཏུ་མཐོང་དགོས་རེད་དམ།
དེང་སང་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བའི་སྐབས་འདིར་དྲ་རྒྱ་དང་། སྐད་འཕྲིན། ངོ་དེབ་སོགས་མང་ཚོགས་ཀྱིས་བེད་སྤྱོད་གཏོང་བཞིན་པའི་བརྒྱུད་ལམ་ཁག་ཏུ་བཙན་བྱོལ་བོད་མི་མང་ཚོགས་ཀྱིས་བགྲོ་གླེང་ཧ་ཅང་ཤུགས་ཆེར་བྱེད་ཀྱི་ཡོད་པ་ནི་དགའ་འོས་པ་ཞིག་རེད།
འཇིགས་བྲལ་བསྟན་འཛིན། སུད་སི།
དེང་སང་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བའི་སྐབས་འདིར་དྲ་རྒྱ་དང་། སྐད་འཕྲིན། ངོ་དེབ་སོགས་མང་ཚོགས་ཀྱིས་བེད་སྤྱོད་གཏོང་བཞིན་པའི་བརྒྱུད་ལམ་ཁག་ཏུ་བཙན་བྱོལ་བོད་མི་མང་ཚོགས་ཀྱིས་བགྲོ་གླེང་ཧ་ཅང་ཤུགས་ཆེར་བྱེད་ཀྱི་ཡོད་པ་ནི་དགའ་འོས་པ་ཞིག་རེད། ཡིན་ནའང་འདི་དང་མཉམ་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་མི་འདུག་ཟེར་བ་དང་། མཚན་སྨད་དང་བསྐུར་འདེབས་ཞུས་སོང་ཟེར་བ། སྐྱོན་བརྗོད་ཞུས་སོང་ཟེར་བ། བཀའ་དྲིན་ལ་བསམ་ཤེས་མི་འདུག་ཟེར་བ་སོགས་གླེང་མཁན་མང་པོ་འདུག དེ་འདྲའི་དོ་ཁུར་གནང་བ་ཡང་ཧ་ཅང་ཡག་པོ་རེད་བསམ་གྱི་ཡོད་ལ། དོ་ཁུར་གནང་བ་དེ་ཡང་འགན་ཁུར་ལྡན་པའི་ཐོག་ནས་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་མིན་ནམ་སྙམ། གང་ཡིན་ཟེར་ན། སྤྱིར་བཏང་བོད་པའི་སྤྱི་ཚོགས་ནང་སྐྱེ་བོ་སུ་ཞིག་ནག་པོ་བཟོ་དགོས་ན་བྲིན་ཆེ་ཤོས་དེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་མེད་རབས་དང་། མཚན་སྨད། བསྐུར་འདེབས། སྐྱོན་བརྗོད་ཞུས་རབས། བཀའ་དྲིན་ལ་བསམ་ཤེས་མེད་རབས་བཅས་ཡིན་པ་དེ་ཚང་མས་ཤེས་གསལ་རེད། དེ་འདྲ་ཡིན་དུས་ད་ལན་གནད་དོན་འདི་ཚོའི་སྐོར་ལ་བསམ་ཚུལ་འགའ་བཤད་ཀྱི་ཡིན།
དང་པོ། ༧གོང་ས་མཆོག་ལ་དད་པ་ཡོད་མེད་དེ་རེད། སྤྱིར་ན་དད་པ་ཟེར་བ་འདི་ཆོས་ཕྱོགས་ཀྱི་སྐད་ཆ་ཞིག་ཡིན་པ་དང་། དེ་ཡང་མི་དེ་ལ་ཆོས་ཕྱོགས་ཀྱི་ཆ་ནས་ནང་བསམ་བློའི་གཏིང་ན་གང་ཞིག་ལ་དད་པ་ཟེར་བའི་བསམ་བློ་ཞིག་ཡོད་མེད་དེ་རེད། དེ་ནི་སྐད་ཆ་ཚིག་རེ་ཟུང་ཞིག་ལ་བརྟེན་ནས་མེད་པ་དང་། ཡོད་པར་ཐག་གཅོད་ནམ་ཡང་ཐུབ་ཀྱི་མ་རེད།
མ་གཞི་ནས་དད་པ་ཟེར་བ་འདི་མི་སྒེར་བ་ཞིག་གི་བསམ་བློའི་རང་དབང་གི་འདུ་ཤེས་ཤིག་ཡིན་པས། གང་ལ་དད་པ་ཡོད་དགོས་པ་དང་། ཡང་ན་དད་པ་བྱེད་མི་ཆོག་པར་འདོད་པ་ནི་ཧ་ཅང་རྫབ་ཆེ་བའི་གནད་དོན་ཞིག་སྟེ། མི་སྒེར་གྱི་རང་དབང་ལ་དོ་ཕོག་གཏོང་བ་ཞིག་ཡིན་པས། སྤྱི་ཚོགས་ལ་འགན་ཁུར་ཡོད་པའི་བསམ་སྤྱོད་ཅིག་ཏུ་ནམ་ཡང་ངོས་འཛིན་ཐུབ་པ་ཞིག་རེད་བསམ་གྱི་མེད།
སྤྱིར་བཏང་སྤྱི་ཚོགས་ཤིག་ལ་མཚོན་ན། ནང་པ་དང་། ཧིན་རྡུ། ཁ་ཆེ། ཡེ་ཤུ། བོན་པོ། ཇུ་ཝི་ཤུ། དེ་བཞིན་ཆོས་ཁས་མི་ལེན་པའི་སྐྱེ་བོ་བཅས་ཡོད་པ་ཞིག་དང་། ཡོད་དགོས་པ་ཞིག་རེད་ལ། ང་ཚོ་བོད་པའི་སྤྱི་ཚོགས་འདི་ལ་ཡང་ནང་པ་དང་། བོན་པོ། ཡེ་ཤུ། ཁ་ཆེ། དེ་བཞིན་ཆོས་ཁས་མི་ལེན་པའི་རིགས་བཅས་ལས་གྲུབ་པ་ཞིག་རེད། དེ་འདྲ་ཡིན་དུས་དད་པ་ཟེར་བའི་བསམ་བློ་དེ་ཡོད་མེད་ལ་བལྟས་ནས་མི་དེ་བཟང་ངན་དབྱེ་བ་འབྱེད་པ་ནི་ཧ་ཅང་འཇིགས་སུ་རུང་བའི་དབྱེ་འབྱེད་ཅིག་རེད་བསམ་གྱི་ཡོད། དེར་བརྟེན་བསམ་བློ་དེ་འདྲ་ཞིག་གཞི་ལ་བཞག་ནས་ཆབ་སྲིད་ཀྱི་འགོ་ཁྲིད་འོས་བསྡུ་བྱེད་པ་ནི་ཆོས་ལུགས་ཐལ་སྤྱོད་པའི་བྱེད་སྟངས་ཤིག་ཏུ་ངོས་འཛིན་རྒྱུ་ལས། འགན་ཁུར་ལྡན་པའི་སྤྱི་མང་གི་ལས་དོན་བྱེད་ཕྱོགས་ཤིག་ཡིན་པར་ངོས་འཛིན་ཐུབ་ཀྱི་མ་རེད་བསམ་གྱི་ཡོད།
གཉིས་པ། ༧གོང་ས་མཆོག་ལ་མཚན་སྨད་ཞུས་དང་མ་ཞུས་ཀྱི་སྐད་ཆ་དེ་རེད། ཚིག་འདི་ཕལ་སྐད་ཀྱི་ཐོག་ནས་ཞུས་ན་གཞི་ཡོད་མེད་ཇི་ལྟར་ཡང་སྨད་ར་བཏང་བར་གོ་དགོས་ཀྱི་མེད་དམ་སྙམ། དེ་ཡིན་ན། མི་ཞིག་ལ་སྨད་ར་བཏང་ཡོད་མེད་དེ་ཁྲིམས་ཀྱི་ཐོག་ནས་ཐག་གཅོད་དགོས་པའི་གནད་དོན་ཞིག་རེད། མཚན་སྨད་དམ་སྨད་ར་བཏང་བ་ཞིག་ཏུ་ངོས་འཛིན་དགོས་མིན་གྱི་ཚད་ཐིག་ཅིག་ཁྲིམས་ལུགས་ཀྱི་ཐོག་ནས་ཡོད་ཀྱི་རེད་བསམ་གྱི་ཡོད། མ་གཞི་ནས་ང་ཚོས་མི་ག་གེ་མོ་ཞིག་གིས་༧གོང་ས་མཆོག་ལ་མཚན་སྨད་དམ། སྨད་ར་བཏང་སོང་ཟེར་ནས་འུར་གྱི་ཡོད་པ་རེད། ཁྲིམས་ལུགས་མིན་ན་ཡང་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་མཚན་སྨད་དམ་སྨད་ར་བཏང་བ་ཟེར་བ་འདི་ལ་ཚད་ཅིག་ཡོད་ཀྱི་རེད་བསམ་གྱི་འདུག དེ་ཡིན་དུས་མཚན་སྨད་དམ་སྨད་ར་བཏང་བ་ཟེར་བ་འདིའི་ས་མཚམས་སམ་ཚད་དེ་གང་ཡིན་གསལ་པོ་བཟོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོར་མཐོང་གི་འདུག དེང་སང་མང་པོ་ཞིག་གིས་གཅིག་གིས་༧གོང་ས་མཆོག་ལ་མཚན་སྨད་ཞུས་སོང་། གཉིས་ཀྱིས་༧གོང་ས་མཆོག་ལ་མཚན་སྨད་ཞུས་སོང་ཟེར་གྱི་འདུག དེ་འདྲ་ཟེར་གྱི་ཡོད་ཙང་དྲ་ལམ་འགར་མཚན་སྨད་ཟེར་བའི་ས་མཚམས་གང་ལ་འཇོག་དགོས་པ་དང་། དེ་བཞིན་དབུ་མའི་ལམ་འགྲིག་མེད་ལུགས་བཤད་ན་༧གོང་ས་མཆོག་ལ་མཚན་སྨད་ཞུས་པ་ཆགས་ཀྱི་ཡོད་མེད་ཀྱི་དྲི་བ་ཞུས་པ་ཡིན། ནང་བསྟན་མཚན་ཉིད་ཀྱི་རིགས་པ་སྨྲ་བ་ང་ཡིན་ཟེར་མཁན་དང་། ང་ཆབ་སྲིད་པ་ཡིན་ཟེར་མཁན་དག་ལ་ལན་གསལ་པོ་གང་ཡང་གནང་རྒྱུ་མི་འདུག
དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རང་བཙན་བཤད་ཆོག་གི་ཡོད་པ་བདེན་པ་རེད། ཡིན་ནའང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་རང་བཙན་རྩོད་པའི་ལམ་དུ་བསྒྱུར་ཐབས་བྱས་ན། ཡང་༧གོང་ས་མཆོག་ལ་ཁ་གཏད་གཅོག་གི་འདུག བོད་མིའི་སྒྲིག་འཛུགས་ལ་ངོ་ལོག་རྒྱག་གི་འདུག ༧གོང་ས་མཆོག་གི་བཀའ་དྲིན་ལ་བསམ་ཤེས་མི་འདུག་ཟེར་ནས་རིག་གནས་གསར་བརྗེའི་སྐབས་ཀྱི་ཞྭ་མོ་དང་མཚུངས་པའི་ཞྭ་མོ་རེ་གཡོགས་ཀྱི་རེད་དང་མ་རེད་ཟེར་ནས་དྲི་བ་ཞུས་པ་ཡིན། ལན་གང་ཡང་མི་འདུག འདི་དག་ཀྱང་བསམ་བློ་གཏོང་དགོས་པའི་དོན་དག་མིན་ནམ་བསམ་གྱི་ཡོད།
གསུམ་པ། ༧གོང་ས་མཆོག་ལ་བསྐུར་འདེབས་ཞུས་སོང་ཟེར་བ་དེ་རེད། བསྐུར་འདེབས་ཟེར་བ་འདི་ནི་མ་བྱས་པ་ཞིག་བྱས་སོང་། མ་བཤད་པ་ཞིག་བཤད་སོང་། མ་མཐོང་བ་ཞིག་མཐོང་སོང་། མ་དྲན་པ་ཞིག་དྲན་འདུག་ཟེར་བ། མ་ཡིན་པ་ཞིག་རེད་ཟེར་བ་ཞིག་ལ་གོ་དགོས་ཀྱི་མེད་དམ་སྙམ། དེ་འདྲ་ཡིན་ན་སུ་ཡིས་སུ་ལ་བསྐུར་འདེབས་བྱས་ཡོད་མེད་དེ་ཡང་བསམ་བློ་གཏོང་དགོས་པ་ཞིག་རེད་བསམ་གྱི་ཡོད། དེ་མིན་བོད་མིའི་ཆབ་སྲིད་ཀྱི་ཐོག་ནས་བཤད་ན། དབུ་མའི་ལམ་གྱི་དགོས་འདུན་ཐད་རྒྱུ་མཚན་འདི་འདྲ་ལ་བརྟེན་ནས་འགྲིག་གི་མི་འདུག་བསམ་གྱི་འདུག་ཟེར་མཁན་འདུག་ན། དེའི་རིགས་ནི་རང་རང་གི་ལྟ་ཕྱོགས་སམ་མཐོང་ཕྱོགས་ཡིན་པས་ཡོད་ཆོག་པ་ཞིག་ལས། བསམ་བློ་འདི་ལྟ་བུའི་རིགས་ནི་བསྐུར་འདེབས་ཡིན་པའི་རྒྱུ་མཚན་ཡང་དག་ཏུ་མ་མཐོང་།
བཞི་པ། ༧གོང་ས་མཆོག་ལ་སྐྱོན་བརྗོད་ཞུས་སོང་ཟེར་བའི་སྐོར་དེ་རེད། དེ་ལ་སྤྱིར་སྐྱོན་ཟེར་བ་འདིའི་ངོ་བོ་ཁོ་རང་གནད་དོན་གང་ཞིག་ལ་མ་འགྲིག་པའི་ཆ་ཡོད་པ་ཞིག་ལ་སྐྱོན་ཟེར་བར་གོ་ན་འགྲིག་གི་མེད་དམ་སྙམ། དེ་ཡིན་ན་འགྲོ་བ་མི་རྣམས་ཀྱི་བསམ་ཕྱོགས་དང་། མཐོང་ཕྱོགས་མ་འདྲ་བ་ལ་བརྟེན་ནས་མ་འགྲིག་པའི་ཆ་མཐོང་སྟངས་སྣ་ཚོགས་ཤིག་མཐོང་གི་ཡོད་པ་རེད། དེ་ཡང་མི་སྒེར་བ་ཞིག་གི་བྱེད་སྟངས་ནས་རྒྱལ་ཁབ་ཞིག་སྐྱོང་སྟངས་བར་མ་འགྲིག་པའི་ཆ་སྣ་ཚོགས་ཤིག་མཐོང་མཁན་ཡོད་ཆོག་པ་རེད་ལ། ཡོད་དགོས་པ་རེད། མ་ཟད་རང་རང་སོ་སོའི་བསམ་ཕྱོགས་དང་། མཐོང་ཕྱོགས་ནས་མཐོང་བའི་སྐྱོན་དེ་བཤད་ཆོག་པ་རེད། ཡིན་ནའང་སྐྱོན་གང་བཤད་པ་དེ་ག་རང་བདེན་པ་ཡིན་པའི་ངེས་གཏན་གང་ཡང་ཡོད་མ་རེད། བདེན་པ་མ་ཡིན་པའི་ངེས་པ་ཡང་ཡོད་མ་རེད། དེ་རིང་བདེན་པ་ཡིན་པ་ཞིག་གནད་དོན་གཞན་ཞིག་ལ་བརྟེན་ནས་སང་ཉིན་རྫུན་དུ་འགྱུར་བའི་གནས་སྐབས་ཀྱང་མང་པོ་ཡོད་པ་རེད། དེ་བཞིན་སྐྱོན་གང་བཤད་པ་དེ་ལ་ཁས་ལེན་མིན་ཡང་གནས་དུས་དང་རྒྱུ་མཚན་ལ་ལྟོས་ནས་རང་རང་གིས་ཐག་གཅོད་རྒྱུ་ལས། ཤཱཀྱའི་དགེ་སྦྱོང་༧གོང་ས་མཆོག་གི་དགོངས་པ་དང་མི་འདྲ་བའི་སྐད་ཆ་འགའ་མི་སྐྱ་འགའ་ཞིག་གིས་བཤད་པར་ཧང་སངས་དགོས་པ་གང་ཡང་མཐོང་གི་མི་འདུག
ཡིན་ནའང་གནད་དོན་གལ་ཆེ་བ་ཞིག་ནི། སྐྱེ་བོ་སུ་རུང་ཞིག་གིས་རང་གི་ཁེ་ཕན་ལ་མ་བསམས་པའི་ཐོག་ནས་སྤྱི་ཚོགས་ཀྱི་ཆེད་དུ་བསམ་ཚུལ་མ་འདྲ་བ་ཞིག་བཤད་ཀྱི་འདུག་ན། རང་རང་གི་བསམ་ཕྱོགས་ཀྱི་ཐོག་ནས་ཁས་ལེན་མ་ཐུབ་ན་ཡང་སྤྱི་ཚོགས་ཀྱི་ཆེད་དུ་བཤད་ཀྱི་ཡོད་ཙང་གུས་བཀུར་བྱེད་དགོས་པ་ལས། འབུར་འཇོམས་སུ་གཏོང་བ་འདིའི་རིགས་དེ་སྤྱི་ཚོགས་ཡར་རྒྱས་དང་། མང་གཙོ་གོང་འཕེལ་གྱི་བཀག་རྡོ་ཡིན་པ་ཧ་གོ་དགོས་ཀྱི་འདུག་བསམ་གྱི་ཡོད། གང་ལྟར་ཡང་བརྟག་དཔྱད་ཟེར་བའི་ཚིག་འདི་གནས་སྟངས་འདི་འདྲའི་སྐབས་སུ་བསམ་བློའི་ནང་ཡོད་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་མིན་ནམ་བསམ་གྱི་འདུག
དེ་ནས་ལྷག་པར་གཅིག་སྡུད་དམར་པོའི་རིང་ལུགས་མ་ཡིན་པའི་མང་གཙོའི་སྤྱི་ཚོགས་ཤིག་ལ་མཚོན་ན། འོས་བསྡུ་དང་སྨྲ་བརྗོད་རང་དབང་ནི་མང་གཙོའི་སྲོག་ཤིང་ཡིན་པས། སྐྱོན་བརྗོད་ཟེར་བ་འདི་མང་གཙོའི་ཆ་ཤས་གལ་ཆེ་ཤོས་དེ་ཡིན་པར་ངོས་ལེན་གཏིང་ཟབ་ཡོད་དགོས། མང་གཙོ་ཡིན་ཟེར་བའི་སྤྱི་ཚོགས་ཤིག་ལ་མཚོན་ན། སྐྱོན་བརྗོད་འགྲོ་ས་མེད་པའི་ཉིན་མོར། སྤྱི་ཚོགས་དེ་མང་གཙོ་ཡིན་ཟེར་ཡང་དོན་ལ་མང་གཙོ་མ་ཡིན་པར་རྨོངས་གཙོ་རང་རེད་ཅེས་བརྗོད་ཐུབ་པ་ཞིག་ཡིན།
གཞན་ཡང་ང་ཚོ་བཙན་བྱོལ་བོད་མི་ཚོས་ཁ་ནས་ག་དུས་ཡིན་ནའང་རྒྱ་ནག་གི་བོད་ལ་རང་དབང་མེད་པ་བཟོས་སོང་། བོད་དང་བོད་མིའི་ཆེད་དུ་བོད་ནང་གི་བོད་མི་ཚོར་རང་གི་བསམ་ཚུལ་དང་བདེ་སྡུག་གི་གནས་སྟངས་ཐད་སྐད་ཆ་ཙམ་བཤད་པར་རང་དབང་མི་འདུག དེ་འདྲ་སོང་ཙང་བོད་ལ་རང་དབང་ཡོང་ཆེད་འཐབ་རྩོད་བྱེད་ཀྱི་ཡོད་ཟེར་གྱི་ཡོད་པ་རེད། མ་ཟད་དེང་སང་བོད་ལ་རང་དབང་དགོས་ཟེར་བ་ནི་ཚང་མའི་ཁ་ལ་འབྱར་བསྡད་ཡོད་པའི་འབོད་ཚིག་ཅིག་རེད། ཡིན་ནའང་ང་རང་ཚོ་སྡོད་སའི་ཁོར་ཡུག་ཆུང་ཆུང་འདིར་སྒེར་དོན་མ་ཡིན་པའི་སྤྱི་དོན་ཐོག་བསམ་ཚུལ་མི་འདྲ་བ་ཏོག་ཙམ་བཤད་མཁན་བྱུང་བ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་མི་འདུག་ཟེར་བ་དང་། མཚན་སྨད་དང་བསྐུར་འདེབས་ཞུས་སོང་། སྐྱོན་བརྗོད་ཞུས་སོང་། བཀའ་དྲིན་ལ་བསམ་ཤེས་མི་འདུག་ཟེར་ནས་གནོན་ཤུགས་འདྲ་མིན་སྤྲོད་བཞིན་པ་འདི་ཚོ་བོད་ཀྱི་མང་གཙོའི་ཡབ་ཆེན་༧གོང་ས་མཆོག་ལ་ཤིན་ཏུ་ནས་མ་གུས་པ་ཆེན་པོ་དང་། གསོལ་བསྩལ་གནང་བའི་མང་གཙོ་འདི་རྡོག་རོལ་བཏང་དང་གཏོང་བཞིན་པའི་ཚད་ཐིག་ཨང་དང་པོར་ངོས་འཛིན་མི་བྱེད་ཐབས་མེད་བྱུང་།
ལྔ་པ། ༧གོང་ས་མཆོག་གི་བཀའ་དྲིན་ལ་བསམ་ཤེས་མི་འདུག་ཟེར་བ་དེ་རེད། ད་བར་བོད་པའི་ནང་ནས་དོལ་རྒྱལ་ཚོགས་པའི་མི་ངན་རྒྱ་གཞུང་གི་རྒྱུགས་ཁྱི་དེ་ཚོ་མ་གཏོགས། དེ་མིན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་༧གོང་ས་མཆོག་བཀའ་དྲིན་ཆེན་པོ་མིན་ཟེར་མཁན་སུ་འདུག དེ་འདྲ་ཡིན་དུས་བོད་དང་བོད་མིའི་བདེ་སྡུག་ལ་བསམས་ནས་བསམ་བློ་བཏང་། དཱ་འགྲིག་གི་མི་འདུག་བསམས་ནས་བོད་སྤྱི་པའི་ཆེད་དུ་འཆར་སྣང་ལྡན་པའི་བསམ་ཚུལ་བཤད། གཞིས་བྱེས་གཉིས་སུ་ལས་འགུལ་སྤེལ་བ་དེ་ཚོ། ༧གོང་ས་མཆོག་གི་བཀའ་དྲིན་ལ་བསམ་ཤེས་དང་། བཀའ་དགོངས་སྒྲུབ་པ་མིན་ན་གང་རེད། ༧གོང་ས་མཆོག་གི་བཀའ་དྲིན་ལ་བསམ་ཤེས་ཡོད་ན་ཡིན་གཅིག་དབུ་མའི་ལམ་ལ་ཡང་དག་ཏུ་མཐོང་དགོས་རེད་པས། དེ་མ་གཏོགས་༧གོང་ས་མཆོག་གི་བཀའ་དགོངས་སྒྲུབ་སྟངས་མེད་པ་རེད་པས། རྩ་བ་ནས་མ་རེད་བསམ་གྱི་འདུག དེ་འདྲ་ཡིན་དུས་༧གོང་ས་མཆོག་གི་བཀའ་དྲིན་ལ་བསམ་ཤེས་ཡོད་ན། ༧གོང་ས་མཆོག་གིས་༼ང་མེད་པ་ནང་བཞིན་ལས་ཀ་བྱོས་ཤོག་༽གསུངས་པ་དེ་སྙིང་ལ་བཅངས་ནས། ༧གོང་ས་མཆོག་ལ་ཁ་འཕངས་ལག་ཕྱིས་བྱས་ནས་སྐྱིད་ཉལ་རྒྱབ་ནས་མི་སྡོད་པར། བོད་སྤྱི་པའི་དོན་ལ་ག་རེ་བྱས་ན་དགའ་བ་འདུག ག་རེ་བྱས་ན་དྲག་པ་འདུག གང་འདྲ་བྱས་ན་ཡོང་བ་འདུག གང་འདྲ་བྱས་ནས་བྱེད་དགོས་ཀྱི་འདུག་སོགས་བོད་དོན་དགག་སྒྲུབ་གཉིས་ཀྱི་ཐོག་ནས་བསམ་བློ་གཏོང་དགོས་པའི་གནད་དོན་དེ་ཚོ་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་མིན་ནམ་བསམ་གྱི་འདུག
མཐའ་དོན་ང་ཚོས་རྒྱ་ནག་དམར་པོའི་གཞུང་ལ་བསམ་ཤེས་དང་། གུ་བཤངས་བྱེད་ཀྱི་ཡིན། སྐད་ཆ་བཤད་ཀྱི་ཡིན་ཟེར་ནས་འཛམ་བུ་གླིང་ལ་སྒྲོག་བཞིན་པའི་དུས་འདིར། བོད་པ་ནང་ཁུལ་བོད་དོན་ཆེད་བསམ་བློ་མ་མཐུན་པ་ཏོག་ཙམ་བྱུང་བ་དང་། ༧གོང་ས་མཆོག་གི་མཚན་རྩ་ཆེན་པོ་དེ་ཐབ་ཕྱིས་ནང་བཞིན་བེད་སྤྱད་ནས་རང་དང་མི་མཐུན་པ་རྩ་མེད་བཟོ་ཐབས་བྱེད་པའི་ངོ་ཚ་ཁྲེལ་མེད་ཀྱི་ལས་ཀ་འདི་རིགས་མཚམས་འཇོག་བྱས་ན་ཡག་པོ་མེད་དམ་སྙམ།།