༧གོང་ས་མཆོག་གི་བཀའ་ཡིག་གི་དགོངས་དོན་བཞིན་ཤར་བསྐྱོད་བྱ་རྒྱུ་སྤྱི་མོས་བྱུང་འདུག

བོད་མི་མང་སྤྱི་འཐུས་སྐབས་༡༧ པའི་འཐུས་མི་རྣམས་ཀྱིས་དམ་འབུལ་ཞུ་ཕྱོགས་ཤོག་ཁག་གཉིས་ཆགས་ནས་གྲོས་ཚོགས་འཚོགས་མ་ཐུབ་པར་ལྷག་ཡོད་པ་དེའི་སྐོར་༧གོང་ས་མཆོག་ལ་བཀའ་སློབ་ལམ་སྟོན་གནང་རོགས་ཞུས་པར་བརྟེན། ཕྱི་ཟླ་༡༠ ཚེས་༦ འཁོད་པའི་བཀའ་ཡིག་ལམ་སྟོན་གནང་བ་དེར་འཐུས་མི་ཚང་མས་མོས་མཐུན་བྱེད་རྒྱུར་སྤྱི་མོས་ཐག་གཅོད་གནང་འདུག 

བོད་མི་མང་སྤྱི་འཐུས་སྐབས་༡༧ པའི་འཐུས་མི་རྣམས་ཀྱིས་དམ་འབུལ་ཞུ་ཕྱོགས་ཤོག་ཁག་གཉིས་ཆགས་ནས་གྲོས་ཚོགས་འཚོགས་མ་ཐུབ་པར་ལྷག་ཡོད་པ་དེའི་སྐོར་༧གོང་ས་མཆོག་ལ་བཀའ་སློབ་ལམ་སྟོན་གནང་རོགས་ཞུས་པར་བརྟེན། ཕྱི་ཟླ་༡༠ ཚེས་༦ འཁོད་པའི་བཀའ་ཡིག་ལམ་སྟོན་གནང་བ་དེར་འཐུས་མི་ཚང་མས་མོས་མཐུན་བྱེད་རྒྱུར་སྤྱི་མོས་ཐག་གཅོད་གནང་འདུག 

ཟླ་འདིའི་ཚེས་༧ ཉིན་གྱི་སྔ་དྲོ་སྤྱི་འཐུས་ཚང་མ་ནང་མོལ་ཚོགས་འདུ་འཚོགས་ནས་བཀའ་ཡིག་ལམ་སྟོན་སྐོར་ལ་གྲོས་བསྡུར་གནང་རྗེས། ནང་མོལ་ཚོགས་འདུ་གཙོ་སྐྱོང་བ་མཁན་པོ་བསོད་ནམས་བསྟན་འཕེལ་དང་། སྒྲོལ་མ་ཚེ་རིང་གཉིས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གངས་སྐྱིད་གྲོས་ཚོགས་ཚོགས་ཁང་དུ་བསྐོང་ནས། ༧གོང་ས་མཆོག་གི་ལམ་སྟོན་ “༡། སྐབས་བཅུ་བདུན་པའི་གྲོས་ཚོགས་ཆེད་དབུས་འོས་བསྡུ་ལས་ཁང་གིས་ཁྲིམས་མཐུན་འོས་བསྡུ་བྱས་ཏེ་ཁུངས་སོ་སོའི་སྤྱི་འཐུས་འོས་ཐོན་བར་གསལ་བསྒྲགས་ཟིན་བ་ཚང་མས་བཅའ་ཁྲིམས་ཀྱི་འབྲུ་དོན་གཞིར་བཟུང་དམ་འབུལ་བྱ་རྒྱུ།  ༢། དེ་ལྟར་མ་བྱུང་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་གང་མྱུར་ཡོངས་ཆེད་འོས་བསྡུ་ལས་ཁང་ནས་བཅའ་ཁྲིམས་གཞིར་བཟུང་བྱེད་སྒོ་གང་ཡོད་ལག་བསྟར་བྱ་རྒྱུ་བཅས་ཡིད་འཇགས་གྱིས།” ཞེས་སྤྱི་ཕེབས་ལྟར་དོན་ཚན་དང་པོའི་དགོངས་དོན་ཤར་བསྐྱོད་བྱ་རྒྱུར་སྤྱི་མོས་བྱུང་བ་བཞིན་འབྲེལ་ཡོད་ཚོགས་དྲུང་ལས་ཁུངས་སུ་ལས་རིམ་འཆར་སྒྲིག་ཡོང་བའི་བཀོད་མངགས་ཞུས་ཡོད་ཅེས་བསྒྲགས་སོང་ལ། མཇུག་ཏུ་གསར་འགོད་པའི་དྲི་བ་དང་པོ་ལས་གཞན་ངོས་ལེན་གནང་མ་སོང་ལ། ཕྱི་ཟླ་༣ པའི་གྲོས་ཚོགས་ནང་གྲོས་ཆོད་ཨང་༣༩ པ་འབྲེལ་བའི་ཁྲིམས་ཞིབ་པ་གསུམ་ཁྲིམས་མཐུན་ཡིན་མིན་སྐོར་དང་འབྲེལ་ནས་སྤྱི་འཐུས་དམ་འབུལ་གྱི་རྙོག་གྲ་བྱུང་ཡོད་ནའང་། ཐེངས་འདིར་དེའི་སྐོར་གླེང་སློང་གང་ཡང་བྱུང་མི་འདུག

སྐབས་༡༧ པའི་སྤྱི་འཐུས་འོས་ཐོན་པ་༤༥ ཐུན་མོང་གི་ནང་མོལ་ཚོགས་ཐོག་ནས་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༠༧ ཉིན་གྱི་གསར་འགོད་གསལ་བསྒྲགས་གཤམ་གསལ། 

སྐབས་བཅུ་བདུན་པའི་སྤྱི་འཐུས་རྣམ་པའི་དམ་བཅའ་འབུལ་ཕྱོགས་ཀྱི་རྙོག་གླེང་དང་། ཚོགས་གཙོ་ཚོགས་གཞོན་འོས་བསྡུ་བྱེད་མ་ཐུབ་པར་བརྟེན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དུ་དཀའ་རྙོག་མང་དག་ཅིག་འཕྲད་ཡོད་པ་དང་། ད་ལན་ཕྱི་ཟླ་ ༩ ཚེས་ ༢༧ ནས་ ༢༩ བར་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་ནང་མོལ་ཚོགས་འདུ་ཞིག་འཚོགས་ནས་ཐག་གཅོད་གང་དང་གང་གནང་ཡོད་མེད། ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བསྐྱར་གསོ་མ་ཐུབ་པར་ཟླ་བཞི་ལ་ཉེ་བས། འདི་མུར་གནས་ན་བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ་ཀྱང་སེམས་འཚབ་ཀྱི་རང་བཞིན་དུ་འགྱུར་ཉེན་ལ་བརྟེན། ཕྲུ་གུ་ངུ་ས་ཕ་མ་ཞེས་པ་བཞིན་སྤྱི་ནོར་༧གོང་ས་༧ སྐྱབས་མགོན་པོ་མཆོག་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དང་པོའི་ནང་གསེས་ ༢ པའི་དགོངས་དོན་ལྟར་གསོལ་འདེབས་ཞུས་པར། ཐུགས་བརྩེའི་གཟིགས་པ་ཆེན་པོས་བཀའ་ཡིག་རིན་པོ་ཆེ་སྤྱི་བོའི་གཙུག་རྒྱན་དུ་བཀའ་དྲིན་ཆེ་སྩལ་མཛད་པ་བཅས་ཀྱི་སྐོར་རྒྱ་ཆེའི་མི་མང་ལ་གསལ་བསྒྲགས་ཞུ་རྒྱུར།
ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢༧ ནས་ ༢༩ བར་ཉིན་གསུམ་རིང་ཕྱི་རྒྱལ་གྱི་སྤྱི་འཐུས་རྣམ་པ་ལྔས་འབྲེལ་མཐུད་དང་གོ་སྒྲིག་བྱས་པ་ལྟར། སྤྱི་འཐུས་གྲངས་ ༤༤ གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་ནང་ མོལ་ཚོགས་འདུ་ཞིག་འཚོགས་ཤིང་། ཚོགས་འདུའི་ནང་དཀའ་སེལ་ཐབས་ལམ་མི་འདྲ་བ་གྲངས་བརྒྱད་ གཏན་འབེབས་ཀྱིས། ཐབས་ལམ་གང་ཡིན་ཡང་མཐའ་མའི་ཐག་གཅོད་བྱེད་སྟངས་ནི་བྱུང་ན་སྤྱི་མོས་དང་། མ་བྱུང་ན་གསང་བའི་འོས་བསྡུའི་ཐོག་ནས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་ཐག་གཅོད་ངེས་པར་དུ་དགོས་པའི་གཏན་འབེབས་སྔོན་བྱས་ལྟར། ཐབས་ལམ་དོན་ཚན་ ༡ ནས་ ༦ བར་དགོས་ངེས་ཀྱི་བརྒྱ་ཆ་མ་ལོངས་པར་བརྟེན། ཐབས་ལམ་དོན་ཚན་ ༧ པ། གཞིས་བྱེས་བོད་འབངས་ཡོངས་ཀྱི་མགོན་དཔུང་། ཚེ་འདི་ཕྱི་གཉིས་ཀྱི་རེ་ལྟོས་ཉག་གཅིག་ཏུ་གྱུར་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཅའ་ཁྲིམས་དོན་ཚན་དང་པོའི་ནང་གསེས་༢ པའི་དགོངས་དོན་ལྟར་གསོལ་འདེབས་སྐྱབས་འཇུག་ཞུ་རྒྱུ་སྤྱི་མོས་གཏན་འབེབས་བྱུང་བ་དང་། གུས་འབངས་སྤྱི་འཐུས་རྣམ་པས་མགོན་པོ་གང་ཉིད་ཀྱི་ཐུགས་རེ་དང་། རྒྱ་ཆེའི་མི་མང་གི་ཡིད་ཆེས་དང་རེ་བ་ཇི་བཞིན་མ་འགྲུབ་པར་སྙིང་ནས་མཐོལ་བཤགས་དང་འབྲེལ། བླང་དོར་བཀའ་སློབ་གང་གནང་ལ་ཡིད་གཉིས་ཐེ་ཚོམ་གང་ཡང་མེད་པར་ཤར་བསྐྱོད་ཞུ་རྒྱུའི་དམ་བཅའ་བརྟན་པོ་སྙིང་བཅངས་ཞུས་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་འཕྲད་པའི་དཀའ་རྙོག་འདི་སེལ་བའི་ཐབས་གཞན་གཏན་ནས་མ་མཆིས་པས་མགོན་པོ་གང་ཉིད་ཀྱིས་ཇི་དགེའི་བླང་དོར་བཀའ་སློབ་རིན་པོ་ཆེ་སྤྱི་བོའི་གཙུག་རྒྱན་དུ་ཅི་ནས་ཀྱང་སྩོལ་གནང་ཡོང་བའི་སྐྱབས་འཇུག་ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢༩ ཉིན་ཞུས་པར། ཕྱི་ཟླ་ ༡༠ ཚེས་ ༦ ཉིན་ཐུགས་བརྩེའི་གཟིགས་པ་ཆེན་ པོས་བཀའ་ཡིག་རིན་པོ་ཆེ་སྤྱི་བོའི་གཙུག་རྒྱན་དུ་བཀའ་དྲིན་ཆེ་སྩལ་གནང་བའི་སྙིང་དོན། “གནད་དོན་འདི་དག་གཞི་རྩར་བཟུང་སྐབས་ད་ལམ་གྱི་རྙོག་འཛིང་འདིའི་སྐོར་ངོས་ལ་རེ་སྐུལ་བྱ་རྒྱུར་བཅའ་ཁྲིམས་དོན་ཚན་དང་བོའི་ཁྱབ་ཁོངས་སུ་ཡོད་མིན་ཐེ་ཚོམ་དང་། གལ་ཏེ་ངོས་ནས་ལམ་སྟོན་བྱེད་དབང་དུ་བཏང་རུང་བཅའ་ཁྲིམས་ཀྱི་རྒྱ་ལས་བརྒལ་བ་ཞིག་བྱེད་ཐབས་མེད་པ་དངོས་དོན་རེད། ངོས་ཀྱི་བསམ་ཚུལ་འདི་དག་བར་སྐབས་མང་ཚོགས་སུ་ལན་མང་བརྗོད་ཟིན་བས་མ་ཤེས་བ་མེད་རེ་ཡིན་མོད། ད་དུང་ངོས་ལ་ལམ་སྟོན་ཁ་གསལ་དགོས་པའི་རེ་འདུན་ཡོད་ན་གཤམ་གསལ། ༡། སྐབས་བཅུ་བདུན་པའི་གྲོས་ཚོགས་ཆེད་དབུས་འོས་བསྡུ་ལས་ཁང་གིས་ཁྲིམས་མཐུན་འོས་བསྡུ་བྱས་ཏེ་ཁུངས་སོ་སོའི་སྤྱི་འཐུས་འོས་ཐོན་བར་གསལ་བསྒྲགས་ཟིན་བ་ཚང་མས་བཅའ་ཁྲིམས་ཀྱི་འབྲུ་དོན་གཞིར་བཟུང་དམ་འབུལ་བྱ་རྒྱུ། ། ༢། དེ་ལྟར་མ་བྱུང་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་གང་མྱུར་ཡོངས་ཆེད་འོས་བསྡུ་ལས་ཁང་ནས་བཅའ་ཁྲིམས་གཞིར་བཟུང་བྱེད་སྒོ་གང་ཡོད་ལག་བསྟར་བྱ་རྒྱུ་བཅས་ཡིད་འཇགས་གྱིས།” ཞེས་སྤྱི་ཕེབས་ལྟར་དོན་ཚན་དང་པོའི་དགོངས་དོན་ཤར་བསྐྱོད་བྱ་རྒྱུར་སྤྱི་མོས་བྱུང་བ་བཞིན་འབྲེལ་ཡོད་ཚོགས་དྲུང་ལས་ཁུངས་སུ་ལས་རིམ་འཆར་སྒྲིག་ཡོང་བའི་བཀོད་མངགས་ཞུས་ཡོད། 

གནད་དོན་འདི་ཉིད་ཐག་གཅོད་གཙང་མ་བྱུང་ཟིན་པར་བརྟེན་སླད་ཕྱིན་རྒྱ་ཆེའི་མི་མང་གི་ངོས་ནས་ཀྱང་དེ་ལུགས་ངོས་འཛིན་གྱིས་མ་འོངས་པར་སྤྱི་པའི་རྩ་དོན་ཐོག་ནུས་པ་མཉམ་སྤུངས་དང་རྡོག་རྩ་གཅིག་སྒྲིལ་དགོས་པའི་གསར་འགོད་གསལ་བསྒྲགས་སུ།

དེ་ཡང་འོས་འདེམས་རྗེས་འདི་ལོའི་ཕྱི་ཟླ་༦ པའི་ཚེས་༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༧ པའི་སྤྱི་འཐུས་རྣམས་ཀྱི་དམ་འབུལ་མཛད་སྒོ་གངས་སྐྱིད་སྤྱི་འཐུས་ལས་ཁུངས་སུ་འཚོགས་པ་དང་། ཕྱོགས་གཉིས་ཆགས་རྐྱེན་ནི་འཐུས་མི་༢༡ གིས་བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་གི་མདུན་ནས་དམ་འབུལ་བྱས་པ་དང་། བར་བརྒལ་ཚོགས་གཙོས་འདི་ལོའི་ཕྱི་ཟླ་༣ པའི་གྲོས་ཚོགས་ནང་འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པའི་མདུན་ནས་དམ་འབུལ་བྱས་པ་དེ་ཁྲིམས་མཐུན་ལ་ངོས་ལེན་མི་བྱེད་མཁན་སྤྱི་འཐུས་༢༢ ཀྱིས་༧གོང་ས་མཆོག་གི་སྐུ་པར་དང་བཅའ་ཁྲིམས་མདུན་ནས་དམ་འབུལ་བྱས་ནས། ཤོག་ཁག་གཉིས་ཆགས་པ་དང་། གྲོས་ཚོགས་འཚོག་རྒྱུ་དང་ཚོགས་གཙོ་གཞོན་འདེམས་མ་ཐུབ་པར་ལྷག་ཡོད་པ་རེད།

ད་ལྟ་༧གོང་ས་མཆོག་གི་ལམ་སྟོན་ལྟར་ཚང་མ་ཤར་བསྐྱོད་བྱེད་རྒྱུ་ཡིན་སྐོར་བསྒྲགས་ཡོད་པས། མི་འགྱངས་བར་ཚོགས་གཙོ་ཚོགས་གཞོན་འོས་འདེམས་དང་གྲོས་ཚོགས་འཚོག་འཆར་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།