༧གོང་ས་མཆོག་གི་ཞབས་པུས་དྭངས་སྐྱེད་ཀྱི་མྱུར་ཚད་ལ་སྐུའི་བླ་སྨན་དང་སྐུ་བཅར་སྨན་པའི་བློ་ཁ་ཚིམ་པ་བྱུང་ཡོད་འདུག
དེ་རིང་ཕྱི་ཚེས་༢༤ ཉིན་དགའ་ལྡན་ཕོ་བྲང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཁམས་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་སོང་ལ། དེའི་ནང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་པུས་གཤགས་བཅོས་མཛད་དེ་ད་ཆ་བདུན་ཕྲག་བཞི་འགྲོ་བཞིན་ཡོད་ཅིང་། ཞབས་པུས་གཤགས་བཅོས་ཀྱི་རྨ་ཁ་སྐུ་ངལ་གང་ཡང་མེད་པར་དྭངས་སྐྱེད་བྱུང་ཡོད། ཞབས་འགུལ་སྐྱོད་སླར་གསོའི་ཆེད་ལས་པ་རྣམས་ནས་ཀྱང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག ཉིན་རེ་ནས་ཉིན་རེ་ཇེ་ལེགས་སུ་ཕེབས་ཀྱི་འདུག་པས། ཁོང་ཚོའི་ངོས་ནས་ཞུས་ན། ཞབས་པུས་དྭངས་སྐྱེད་ཀྱི་མྱུར་ཚད་བློ་ཁ་ཚིམ་པ་ཞིག་འོང་གི་འདུག་ཅེས་བརྗོད་ཀྱི་འདུག སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཁམས་ནི། ངེད་༸སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་དང་༸སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་ལགས་གཉིས་ཀྱང་བློ་ཁ་ཚིམ་བཞིན་དུ་གནས་ཡོད་ཅེས་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པས། བོད་མི་ཚོས་དགའ་ཚོར་ཆེན་པོས་སོ་སོའི་ངོ་དེབ་ཐོག་༧གོང་ས་མཆོག་གི་སྐུ་པར་དང་གཏམ་བཟང་གི་གནས་ཚུལ། དེ་བཞིན་རང་རང་གིས་གསོལ་འདེབས་དང་སྨོན་ཚིག་བཅས་ལྷན་དུ་བརྒྱུད་འགོད་བྱས་དང་བྱེད་བཞིན་འདུག གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོ་ ༧ རྗེས་སུ་ཨ་རིར་ཞབས་སོར་འཁོད་པའི་དུས་སྐབས་དང་བསྟུན་ནས། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་གི་རེ་འདུན་བཞིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གསོལ་འདེབས་ཞུས་པར་དགའ་ལྡན་ཕོ་བྲང་ནས་ཞལ་བཞེས་ཐོབ་ཡོད་པར་བརྗོད་འདུག་ཀྱང་། ད་ལྟ་དུས་ཚོད་གཏན་འཁེལ་བྱུང་མི་འདུག་ལ། ༧གོང་ས་མཆོག་གི་མཛད་རིམ་ནང་དུའང་གསལ་མི་འདུག དེ་མིན་དགའ་ལྡན་ཕོ་བྲང་གི་དྲྭ་བའི་ཐོག ཕྱི་ཟླ་༩ པའི་ནང་༧གོང་ས་མཆོག་གི་མཛད་རིམ་གཞན་ཁག་ཅིག་འདུག་པ་ནི། ཕྱི་ཟླ་༩ ཚེས་ ༡༢ ནས་ཚེས་ ༡༣བར་དུས་ཡུན་ཉིན་གཉིས་རིང་གི་སྔ་དྲོའི་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཆོས་འབྲེལ་བཀའ་དྲིན་བསྩལ་རྒྱུ་རེད་འདུག་ལ། དེ་བཞིན་ཕྱི་ཟླ་༩ ཚེས་ ༡༨་ཀྱི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཀྱི་བུད་མེད་ལྷན་ཚོགས་དང་། བོད་ཀྱི་རྒྱལ་ས་ལྷ་སའི་མཐུན་གྲོགས་རྫོང་ཁག ཌལ་ཧོར་སློབ་ཟུར་བཅས་ནས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག གཞན་ཡང་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཕྱི་ཟླ་༩ ཚེས་ ༣༠ ནས་ཕྱི་ཟླ་༡༠ ཚེས་ ༢་བར་ཆོས་འབྲེལ་བཀའ་དྲིན་བསྩལ་རྒྱུ་དང་། དེ་ཡང་ཟླ་ ༩ ཚེས་ ༣༠ དང་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་གཉིས་རིང་སྤྱོད་འཇུག་ཆེན་མོའི་ལེའུ་བརྒྱད་པའི་ཆོས་འབྲེལ་བསྩལ་རྒྱུ་དང་། ཕྱི་ཟླ་ ༡༠ ཚེས་ ༢ ཉིན་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཡིན་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།
གསར་འགོད་པ། བསྟན་འཛིན་ལམ་བཟང་།