༧གོང་ས་མཆོག་གི་འཁྲུངས་གཞིས་ཉམས་གསོ་བྱ་འཆར།

རྒྱ་གཞུང་གིས་བོད་ཡུལ་རྒྱ་ཡུལ་དུ་སྒྱུར་རྒྱུའི་ལས་གཞིའི་འོག་བོད་ཀྱི་ས་ཁུལ་མང་པོར་ལས་ཞིག་སྣ་ཚོགས་ཤིག་སྤེལ་གྱི་ཡོད་པ་ལྟར། ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་འཁྲུངས་ཡུལ་སྟག་མཚེར་གྲོང་ཚོར་ཡང་ལས་གཞི་དེ་སྤེལ་ཏེ་སྔོན་གྱི་འཁྲུངས་ཡུལ་གྱི་རྣམ་པ་དེ་མེད་པ་བཟོ་འཆར་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེ་༢༧ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གཞུང་གིས་ཡར་རྒྱས་དང་འཛུགས་སྐྲུན་ལ་ཁ་གཡར་ཏེ་བོད་ཀྱི་ས་ཁུལ་མང་པོའི་རང་བྱུང་གི་ཁོར་ཡུག་གཏོར་བཤིག་གཏོང་གི་ཡོད་པ་ལྟར། དེང་སང་རྒྱ་གཞུང་གིས་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་འཁྲུངས་ཡུལ་མདོ་སྨད་ཨ་མདོ་སྟག་མཚེར་གྲོང་ཚོར་ཡང་སླར་གསོའི་ལས་དོན་ཞིག་སྤེལ་འཆར་གྱིས། སྟག་མཚེར་གྲོང་ཚོའི་རི་རྒྱབ་ཏུ་མཐོ་ཚད་མི་ཊར་གསུམ་ཅན་གྱི་རྩིག་པ་བརྒྱབ་ཡོད་འདུག་པ་དང་། དེ་བཞིན་པར་ཆས་སོགས་བཙུགས་ཡོད་འདུག

རྒྱ་གཞུང་གི་བོད་ཡུལ་དུ་སྡོད་ཁང་གསར་རྒྱག་དང་ཞིང་འབྲོག་གནས་སྤོ་བྱེད་པའི་ལས་གཞི་དེས། སྔར་གྱི་བོད་རང་གི་ཡུལ་སྲོལ་དང་མཐུན་པའི་རིག་གཞུང་དེ་དག་རྩ་མེད་དུ་བཏང་སྟེ། དོན་དངོས་ཐོག་བོད་མི་ཚོའི་སེམས་ལ་རྨ་ཁ་ཆེན་པོ་ཞིག་བཟོ་བཞིན་ཡོད་པ་ལྟར། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་བློ་འཚབ་དང་འབྲེལ་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་༧གོང་ས་མཆོག་གི་འཁྲུངས་ཡུལ་སྟག་མཚེར་སླར་གསོའི་ལས་དོན་དེ་ནི། རྒྱ་གཞུང་གིས་བོད་མིའི་བསམ་ཚུལ་དང་མི་མཐུན་པའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པའི་དཔེ་མཚོན་གསལ་པོ་ཞིག་ཆགས་ཡོད་པ་རེད།

རྒྱ་གཞུང་གིས་ཐེངས་འདིར་མི་འབོར་ཧ་ཅང་ཉུང་བ་དང་ཆེས་རྗེས་ལུས་ཀྱི་ས་གནས་དེར་འཛུགས་སྐྲུན་གྱི་ལས་འཆར་སྤེལ་འཆར་ཡོད་པའི་ཁོངས་སུ། ཕྱི་རྒྱལ་གྱི་བཟོ་གྲ་ཁག་ཀྱང་འཛུགས་སྐྲུན་བྱ་འཆར་ཡོད་སྐོར་བརྗོད་ཡོད་པ་རེད་འདུག འོན་ཀྱང་༧གོང་ས་མཆོག་གི་འཁྲུངས་གཞིའི་ཉེ་འགྲམ་དུ་སྒོ་བྱང་ཞིག་སྦྱར་ཡོད་པའི་ཐོག་“ཁྱེད་རང་འདིར་ཡོང་ཆོག་གི་མ་རེད”། དེ་བཞིན་“ཕྱི་རྒྱལ་བ་སུ་ཡང་འདིར་ཡོང་ཆོག་གི་མ་རེད”་ཅེས་བྲིས་ཡོད་འདུག

༧གོང་ས་མཆོག་གི་འཁྲུངས་ཡུལ་སྟག་མཚེར་གྲོང་ཚོ་ནི་བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་ཡོད་པ་དང་། དེ་སྔོན་༡༩༦༠་དང་། ༡༩༧༠ ནང་རིག་གནས་གསར་བརྗེའི་སྐབས་རྒྱ་གཞུང་གི་དཔུང་དམག་གིས་གཏོར་བཤིག་བཏང་ཡོད་ན་ཡང་ཕྱིས་སུ་༡༩༨༠ ནང་ཉམས་གསོ་གནང་ཡོད་འདུག

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།