༧གོང་ས་མཆོག་གི་ཡང་སྲིད་ཐད་ཧྥ་རན་སི་གཞུང་ལ་བཞེངས་ཕྱོགས་གསལ་བསྒྲགས་གནང་བའི་འབོད་སྐུལ་གནང་།
ཟླ་འདིའི་ཚེས་༡༨ ཉིན་སྦེལ་རྗམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ཀྱིས་ཧྥ་རན་སི་གྲོས་ཚོགས་གོང་མའི་ནང་ཧྥ་རན་སི་བོད་དོན་ཚོགས་པའི་(French Tibet Group) ཚོགས་མི་དང་མཇལ་འཕྲད་གནང་བ་དང་། ཧྥ་རན་སི་གཞུང་ལ་༧གོང་ས་མཆོག་གི་ཡང་སྲིད་ཐད་གཞུང་འབྲེལ་བཞེངས་ཕྱོགས་གསལ་བསྒྲགས་གནང་དགོས་པའི་འབོད་སྐུལ་ཞུས་གནང་འདུག
ཟླ་འདིའི་ཚེས་༡༨ ཉིན་སྦེལ་རྗམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ཀྱིས་ཧྥ་རན་སི་གྲོས་ཚོགས་གོང་མའི་ནང་ཧྥ་རན་སི་བོད་དོན་ཚོགས་པའི་(French Tibet Group) ཚོགས་མི་དང་མཇལ་འཕྲད་གནང་བ་དང་། ཧྥ་རན་སི་གཞུང་ལ་༧གོང་ས་མཆོག་གི་ཡང་སྲིད་ཐད་གཞུང་འབྲེལ་བཞེངས་ཕྱོགས་གསལ་བསྒྲགས་གནང་དགོས་པའི་འབོད་སྐུལ་ཞུས་གནང་འདུག
དེ་ཡང་ཚོགས་འདུའི་ཐོག་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ཇེ་ཁི་ལིན་ཨུས་ཀྲ་ཅི་(Jacqueline Eustache-Brino) དང་། ལྕམ་ཨ་ནིག་བྷི་ལོན(Annick Billon)། སྐུ་ཞབས་བྷར་ནར་ཊ་ཕོར་ནིར(Bernard Fournier)། སྐུ་ཞབས་ཨུ་ལི་ཝིར་རིཊ་མན(Olivier Rietmann)། སྐུ་ཞབས་ལོ་ཨིག་ཧར་ཝི(Loic Herve)། སྐུ་ཞབས་ཨན་དྲེ་གྷ་ཊོ་ལིན་(Andre Gattolin) བཅས་མཉམ་ཞུགས་གནང་ཡོད་པ་རེད།
ཚོགས་གཙོ་ལྕམ་ཇེ་ཁི་ལིན་ཨུས་ཀྲ་ཅིས། “དུས་ཡུན་གང་འཚམ་རིང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་རྐྱེན་པས་ཚོགས་འདུ་ཚོགས་ཐུབ་མེད་ནའང་སྐབས་དེར་ཚོགས་པའི་ངོས་ནས་སྐུ་ཞབས་མེ་ཀལ་ཝན་ཝལ་ཊ་ (Michel van Walt) དང་། བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན། ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་སོགས་དང་མཇལ་འཕྲད་གནང་ཡོད་སྐོར་འགྲེལ་བརྗོད་དང་། དེ་བཞིན་ཁོང་གིས་སྐུ་ཚབ་དོན་གཅོད་བརྒྱུད་ཚོགས་པའི་ངོས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་ཞུ་རོགས་”ཞེས་རེ་སྐུལ་གནང་།
སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ཀྱིས། ཧྥ་རན་སི་བོད་དོན་ཚོགས་པ་དེ་བཞིན་ཕྱི་ལོ་ ༡༩༨༨ ནས་བཟུང་བོད་དང་འབྲེལ་བ་གྲུབ་ཚུལ་ངོ་སྤྲོད་དང་། ཕྱོགས་མཚུངས་ཁོང་གིས་བོད་ནི་འཛམ་གླིང་ནང་ནས་རང་དབང་གི་གནས་བབ་སྐྱོ་ཤོས་གྲས་སུ་འཚུད་ཡོད་པ་དང་། རྒྱ་ནག་གཞུང་གི་དྲག་གནོན་ཆེ་བའི་སྲིད་བྱུས་འོག་བོད་མི་རྣམས་སྡུག་སྦྱོང་ཚད་མེད་མྱོང་གི་ཡོད་སྐོར། དེ་བཞིན་རྒྱ་མིའི་སྐུ་ཚབ་དང་། ཡུལ་སྐོར་སྤྲོ་འཆམ་པ། སློབ་ཕྲུག་སོགས་ནུབ་ཕྱོགས་རྒྱལ་ཁབ་ཏུ་རང་དབང་ངང་འགྲོ་འོང་ཆོག་པ་བཞིན་བོད་ནང་དུའང་དེ་ལྟར་འོང་བར་འབད་རྩོལ་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།
སྐུ་ཚབ་དོན་གཅོད་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་འཇིག་རྟེན་སྤྱི་དང་ཡང་སྒོས་ནང་པ་ཡོངས་ཀྱིས་བརྩི་བཀུར་ཞུ་ཡུལ་གྱི་བླ་ན་མེད་པའི་དབུ་ཁྲིད་ཅིག་ཡིན་སྟབས་ཁོང་གི་ཡང་སྲིད་དང་འབྲེལ་བའི་ཐད་ཇར་མ་ནི་དང་། བྷེལ་གན། ནི་དར་ལེནྜ། ཨ་རི་སོགས་ཀྱིས་གནང་བ་ལྟར་ཧྥ་རན་སི་གཞུང་གི་བཞེངས་ཕྱོགས་གང་ཡིན་གསལ་བསྒྲགས་གནང་དགོས་པའི་རེ་སྐུལ་གནང་། ད་དུང་ཁོང་གིས་མུ་མཐུད་ནས་བོད་མིའི་སྒྲིག་འཛུགས་ངོས་འཛིན་གནང་རྒྱུ་གལ་གནད་ཆེན་པོ་ཡིན་པ་བཞིན་བོད་རྒྱ་འབྲེལ་མོལ་སླར་གསོ་ཡོང་ཐབས་སུ་རྒྱ་ནག་ལ་གནོན་ཤུགས་སྤྲད་རྒྱུའང་གནད་འགག་ཆེན་པོ་ཡིན་སྐོར་དང་། ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་དཔོན་རིགས་ལྷན་ཚོགས་དང་། རྒྱ་ནག་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གྲོལ་མོལ་སྐབས་བོད་ཀྱི་གནད་དོན་གླེང་སློང་ཡོང་བའི་འབོད་སྐུལ་ཡང་གནང་ཡོད་པ་རེད།
སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ཀྱིས་ཚོགས་གཙོ་ལྕམ་ཇེ་ཁི་ལིན་ཨུས་ཀྲ་ཅི་དང་ལྷན་དུ་ཚོགས་འདུ་འཚོགས་སྐབས་བོད་ཀྱི་གནད་དོན་ཐད་ཡུ་རོབ་མཐུན་ཚོགས་སུ་ཕ་རན་སིས་སྣེ་ཁྲིད་དགོས་པའི་རེ་སྐུལ་གནང་བ་ལྟར། མོས་“རྒྱ་ནག་གི་ཁ་གཏད་དུ་ཡོད་པའི་བོད་ཀྱི་འཐབ་རྩོད་ནི་གནད་དོན་གཞན་ལས་གཏིང་ཟབ་ཅིང་། མགོ་རྙོག་ལ། ལོ་རྒྱུས་ཐོག་ནས་བལྟས་ན་འགོག་རྒོལ་ནུས་ལྡན་ཞིག་ཆགས་ཡོད་”ཅེས་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བོད་མི་མང་དུ་འགྲོ་ཡི་ཡོད་སྟབས་ཁོང་ཚོར་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་དགོས་སྐོར་གསུངས་པ་མ་ཟད། སྐུ་ཚབ་དོན་གཅོད་ཀྱིས་རེ་སྐུལ་གནང་བའི་གནད་དོན་དེ་དག་གི་ཐོག་འབད་བརྩོན་གནང་རྒྱུ་ཡིན་པའི་ཞལ་བཞེས་ཀྱང་གནང་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།