༧གོང་ས་མཆོག་གི་སྐུ་ཕྲེང་རིམ་བྱོན་མུ་མཐུད་ཕེབས་དགོས་པའི་གསོལ་འདེབས་ཞུ་དགོས་ཞེས་སྲིད་སྐྱོང་གིས་གསུངས་སོང་།

“༸རྒྱལ་བའིི་ཡང་སྲིད་ངོས་འཛིན་གནང་རྒྱུ་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་སྒེར་གྱི་སྐུ་དབང་ཡིན་པ་དང་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་ཁོ་ན་ལ་ཡོད་པ་ལས། གཞུང་དང་། སྒྲིག་འཛུགས། སྒེར་སོགས་སུ་ལའང་མེད་པ་ནི་དེ་རིང་གོ་སྐབས་འདི་དང་བསྟུན་གལ་པོ་ཆེ་ལ་ནན་ཏན་གྱིས་ཚུལ་དུ་ཞུ་གི་ཡོད་”ཅེས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་གསུངས་སོང་།

“༸རྒྱལ་བའིི་ཡང་སྲིད་ངོས་འཛིན་གནང་རྒྱུ་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་སྒེར་གྱི་སྐུ་དབང་ཡིན་པ་དང་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་ཁོ་ན་ལ་ཡོད་པ་ལས། གཞུང་དང་། སྒྲིག་འཛུགས། སྒེར་སོགས་སུ་ལའང་མེད་པ་ནི་དེ་རིང་གོ་སྐབས་འདི་དང་བསྟུན་གལ་པོ་ཆེ་ལ་ནན་ཏན་གྱིས་ཚུལ་དུ་ཞུ་གི་ཡོད་”ཅེས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་གསུངས་སོང་།

ཟླ་འདིའི་ཚེས་༣ ནས་ཉིན་གསུམ་རིང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་དེ་དྷ་ས་གངས་སྐྱིད་དུ་འཚོགས་བཞིན་ཡོད་པ་དང་། བརྗོད་གཞི་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལོ་ལྔ་དང་ལྔ་བཅུའི་ལས་འཆར་དང་༧རྒྱལ་དབང་སྐུ་ཕྲེང་ན་རིམ་དང་བོད་མི་མང་བར་གྱི་འབྲེལ་བའི་སྐོར་ཡིན་པ་རེད།

དེ་ཡང་ཉིན་དེའི་སྔ་དྲོ་དྷ་ས་གངས་སྐྱིད་ཚོགས་ཁང་དུ་དམིགས་བསལ་ཚོགས་ཆེན་གྱི་མཛད་སྒོ་འཚོགས་པ་དང་། དེར་ཁྲིམས་ཞིབ་པ་ཆེ་བ་བཀའ་རྒྱུད་དོན་གྲུབ་དང་ཁྲིམས་ཞིབ་པ་གཉིས། སྲིད་སྐྱོང་བློ་བཟང་སེང་གེ་དང་བཀའ་བློན་རྣམ་པ་དང་། སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་དང་ཚོགས་གཞོན་ཨ་ཅརྱ་ཡེ་ཤིས་ཕུན་ཚོགས། སྤྱི་འཐུས་ལས་ཐོག་རྣམ་པ། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན། བཀའ་བློན་ཁྲི་ཟུར་དང་བཀའ་བློན་ཟུར་པ་བཅོ་ལྔ་ཙམ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རེ་རེ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དྲུང་ཆེ་ཆུང་དང་ས་གནས་འགོ་འཛིན་རྣམ་པ་བཅས་ཚོགས་ཞུགས་པ་སུམ་བརྒྱ་ལྷག་མཉམ་ཞུགས་བྱས་ཡོད་པ་རེད།

ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་གཏམ་བཤད་གནང་སྐབས། ༧གོང་ས་མཆོག་སྐུ་ཕྲེང་རིམ་བྱོན་དང་བོད་མི་བར་གྱི་འབྲེལ་བའི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ་ཡང་སྲིད་སྐོར་༧གོང་ས་མཆོག་གི་ བཀའ་སློབ་ལུང་འདྲེན་དང་འབྲེལ་གསུང་དོན། “ཕྱི་ལོ་༢༠༡༡ ཟླ་༩ ཚེས་༢༣ ཆོས་ཚོགས་ཐེངས་༡༡ པའི་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་བཀའ་སློབ་ཕེབས་དགོངས་སུ། ‘དེ་ནས་དོན་ཚན་གཅིག་ལ་སྔོན་མ་ཕྱི་ལོ་༡༩༦༩ ལོར་ Dalai Lama Institute ཟེར་རྒྱུ་དེ་མུ་མཐུད་གནས་དགོས་དང་མི་དགོས་ཞེས་པ་དེ། དེའི་ཚེ་དེའི་དུས་འབྲེལ་ཡོད་མི་མང་ཚོས་ཐག་གཅོད་ཀྱི་རེད་ཅེས་སྔོན་མ་ངོས་ཀྱིས་བརྗོད་ཡོད། མ་འོངས་པར་ཐག་གཅོད་ཀྱི་རེད་ཟེར་བའི་སྤྱི་མ་སྤོམ་མ་ཡིན་པར་ལོ་ཚིགས་བཀོད་དེ། ངོས་རང་ལོ་དགུ་བཅུ་ཡས་མས་སམ་དགེ་འདུན་གྲུབ་པའི་དགུང་ལོའི་མཚམས་ལ་སླེབས་སྐབས་འབྲེལ་ཡོད་མི་ཚོར་གོ་བསྡུར་བྱེད་ཀྱི་ཡིན་ཟེར་བ་ཞིག་དང་། དེ་ནས་མཐའ་མའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐག་གཅོད་ཀྱི་ཡིན་ཞེས་པའི་དོན་ཚན་དེ་གཉིས་གཙོ་བོ་ཡིན། ངོས་ཀྱི་ཡང་སྲིད་ངོས་ཀྱིས་ཐག་གཅོད་བྱེད་པ་ལས། གཞན་སུ་ལའང་ཐག་གཅོད་བྱེད་དབང་མེད་’ཅེས་དང་། ཕྱི་ལོ་༢༠༡༡ ཟླ་༩ ཚེས་༢༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་ཆེན་པོ་མཆོག་ནས་ཡང་སྲིད་ངོས་འཛིན་སྐོར་གྱི་གསུང་འཕྲིན་གྱི་ནང་དུ། ‘འབྱུང་འགྱུར་ཏཱ་ལའི་བླ་མའི་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་དད་ལྡན་མང་ཚོགས་ཀྱི་ཐག་གཅོད་དགོས་པའི་གསལ་བསྒྲགས་ཕྱི་ལོ་༡༩༦༩ ཙམ་ནས་བྱས་ཟིན་’ཞེས་པ་དང་། གཞན་ཡང་གསུང་འཕྲིན་དེ་གའི་ནང་དུ། ‘ངོས་རང་རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་སོན་སྐབས་ཆོས་བརྒྱུད་བླ་ཆེན་ཁག་དང་། བོད་མིས་མཚོན་འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་བྱེད་འཆར་ཡིན། གལ་ཏེ་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་དང་། སྐུ་ཕྲེང་༡༥ པ་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ་དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང་། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང་། རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱེད་དགོས་པ་དང་། ངོས་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན་’ཞེས་ཕེབས་ཡོད། དེ་བཞིན་ཕྱི་ལོ་༡༩༨༨ ལོའི་གསུམ་དུས་གསུང་འཕྲིན་ནང་ ‘ངས་དེ་སྔོན་ནས་ཐེངས་མང་ཤོད་མྱོང་བ་ལྟར། ཏཱ་ལའི་བླ་མའི་ལམ་སྲོལ་འདི་ཡང་མུ་མཐུད་གནས་དགོས་མིན་ནི་བོད་མི་མང་གིས་ཐག་གཅོད་བྱེད་ངེས་ཡིན་’ཞེས་བཀའ་སློབ་ཕེབས་གནང་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ནི་ད་ལྟའི་ཆེད་གཉེར་ཡང་སྲིད་ངོས་འཛིན་བྱེད་སྲོལ་འདིའི་ཐོག་མ་ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་གྱི་འགོ་སྟོད་ནས་བརྒྱུད་ཡོང་བའི་ལོ་རྒྱུས་རང་བཞིན་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་སྲོལ་རྒྱུན་ཚུགས་པ་ཞིག་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་  ‘ངོས་རང་བོད་ཀྱི་ཡུལ་མི་ཞིག་ཡིན་པ་དང་། བོད་མི་རིགས་དང་༸རྒྱལ་དབང་དབར་ལས་སྨོན་གྱི་འབྲེལ་བའི་དབང་གིས་རྒྱ་ཆེའི་མང་ཚོགས་ཚང་མའི་ཡིད་ཆེས་བློ་གཏད་ཡོད་པ་དེ་སྲིད་དུ་’ཞེས་ཕེབས་ཡོད། ད་རེས་རྒྱལ་ཡོངས་མི་མང་གི་ཚོགས་འདུ་ཆེན་མོ་འདི་ནས་ཀྱང་ཕྱི་ལོ་༡༩༨༨ ལོའི་གསུམ་དུས་གསུང་འཕྲིན་ཕེབས་པ་གོང་དུ་ལུང་འདྲེན་ཟིན་པའི་ནང་གསལ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཕྲེང་ན་རིམ་དང་བོད་མི་མང་དབར་གྱི་འབྲེལ་བ་ནི་མགོ་དང་མཇིང་པ་བཞིན་བྲལ་ཐབས་ཡེ་ནས་མེད་པ་ཞིག་ཡིན་པས་ཏཱ་ལའི་བླ་མའི་སྐུ་ཕྲེང་ན་རིམ་གྱི་ལམ་སྲོལ་འདི་ང་ཚོ་བོད་ལྗོངས་མི་མང་ལ་མུ་མཐུད་གནས་དགོས་པ་ཞིག་ཡིན། དེས་ན་༸རྒྱལ་བའིི་ཡང་སྲིད་ངོས་འཛིན་གནང་རྒྱུ་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་སྒེར་གྱི་སྐུ་དབང་ཡིན་པ་དང་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་ཁོ་ན་ལ་ཡོད་པ་ལས། གཞུང་དང་། སྒྲིག་འཛུགས། སྒེར་སོགས་སུ་ལའང་མེད་པ་ནི་དེ་རིང་གོ་སྐབས་འདི་དང་བསྟུན་གལ་པོ་ཆེ་ལ་ནན་ཏན་གྱིས་ཚུལ་དུ་ཞུ་གི་ཡོད། དམིགས་བསལ་ཚོགས་ཆེན་ཐེངས་༣ པར་ཕེབས་པའི་ཚོགས་བཅར་བ་ཚང་མས་ཀྱང་བཅོས་མིན་བློ་སེམས་གཅིག་ཏུ་བསྒྲིམ་སྟེ་ཚོར་ཤུགས་ཆེན་པོས་ཐག་གཅོད་གཙང་མ་ཞིག་ཞུ་ཐུབ་པ་དགོས་རྒྱུར་ནན་བརྗོད་བྱ་རྒྱུ་ཡིན་”ཞེས་གསུངས་སོང་།

ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གིས་གཏམ་བཤད་གནང་སྐབས། ༧གོང་ས་མཆོག་གིས་ཁོང་མེད་པ་ནང་བཞིན་ལས་ཀ་བྱས་ཤོག རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱས་ཤོག་ཅེས་བཀའ་གནང་བ་ལྟར། དབུ་མའི་ལམ་གཞིར་བཞག་ཐོག་ལོ་ལྔ་རིང་མིང་དོན་མཚུངས་པའི་རང་སྐྱོང་རག་ན་རབ་དང་། མ་བྱུང་ཡང་ལོ་བཅུའི་རིང་བོད་ཕྱི་ནང་གཉིས་རྡོག་རྩ་ཆིག་སྒྲིལ་ཐོག་བོད་པའི་སྒྲིག་འཛུགས་ལོ་ལྔ་བཅུའི་རིང་གནས་ཐབས་སུ་ལྔ་དང་ལྔ་བཅུའི་འཆར་སྣང་བསྒྲིགས་པ་ཡིན་སྐོར་གསུངས་སོང་ལ། ད་ལྟའི་ཆར་༧གོང་ས་མཆོག་ཕྱི་རྒྱལ་ཁག་ལ་མང་པོ་ཕེབས་ཐུབ་ཀྱི་མེད་པ་དང་། རིམ་པས་གཞིས་ཆགས་ཁག་ཏུ་ཡང་ཕེབས་རྒྱུ་ཁག་པོ་ཡིན་པས། ལས་དོན་ཁག་ཡག་པོ་བྱེད་ཐུབ་ན་༧གོང་ས་མཆོག་ཐུགས་སྤྲོ་པོའི་ངང་བཞུགས་ཐུབ་ན་སྐུ་ཚེ་བརྟན་ཆེད་ཕན་རྒྱུ་ཡིན་སྐོར་གསུངས་སོང་།

སྲིད་སྐྱོང་གིས་མུ་མཐུད་གསུང་དོན། “ང་ཚོས་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཟེར་གྱི་ཡོད་རེད། བརྟན་བཞུགས་མང་པོ་ཕུལ་གྱི་ཡོད་རེད་ལ། བརྟན་བཞུགས་ཕུལ་བར་ནུས་པ་ཡོད་རེེད། ཡིན་ཡང་བརྟན་བཞུགས་ཚད་མཐོ་ཤོས་དེ་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་། རྡོག་རྩ་ཆིག་སྒྲིལ་དང་།  སྒྲིག་འཛུགས་གཙོ་བྱས་ཏེ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཡོད་པ་དེ་ཚགས་ཚུད་དུ་གཏོང་དགོས་རེད། ལྔ་དང་ལྔ་བཅུའི་འཆར་སྣང་འཕྲལ་ཕུགས་གཉིས་ཀར་གཟིགས་ནས་ལག་བསྟར་བྱེད་སྟངས་མ་འོངས་པར་འཆར་གཞི་སྒྲིག་སྟངས་ལ་གཟབ་གཟབ་བྱེད་དགོས་རེད། འཆར་གཞི་ཡོད་པའི་ཕྱག་ལས་གནང་ན་ཚགས་ཚུད་པ་དང་གྲུབ་འབྲས་ཡག་པ་ཡོང་གི་རེད། འགྲུབ་འབྲས་ཡག་པ་སྨིན་ན་གཏམ་བཟང་བ་ཡོང་གི་རེད། གཏམ་བཟང་བྱུང་བ་༧གོང་ས་མཆོག་གི་གསན་ན། ཐུགས་མཉེས་པོ་ཡོང་གི་རེད། འཆར་གཞི་མེད་པའི་ཐོག་ལས་ཀ་བྱས་ན་ལམ་ལྷོང་བྱུང་སྲིད་གི་རེད་ལ་མགོ་ལོག་རྩེད་སྲིད་གི་རེད། མགོ་ལོག་རྩེས་ན་ང་ཚོའི་རྩ་དོན་ལ་གནོད་གི་རེད། གཏམ་བཟང་མ་རེད། དེ་ལ་བརྟེན་ནས་༧གོང་ས་མཆོག་གི་དགོངས་པ་གཞིར་བཟུང་ལྔ་དང་ལྔ་བཅུའི་འཆར་སྣང་དང་འཆར་གཞི་བཏོན་པ་རེད། དེ་ལོ་བཅུ་ནང་གསལ་པོ་ཆགས་ཀྱི་རེད་ལ། ལོ་༢༠ ནང་གསལ་པོ་ཞེ་དྲག་ཆགས་ཀྱི་རེད། ང་ཚོས་འཆར་གཞི་བཏོན། འཕྲལ་ཕུགས་གཉིས་ཀར་ཕན་པའི་གྲུབ་འབྲས་སྨིན་འདུག་ཟེར་བ་རིམ་པས་ཡོང་རྒྱུ་ཡིན་པ་ང་ཚོའི་བཀའ་ཤག་གི་ཚབ་བྱས་ནས་ཞུ་ཐུབ་ཀྱི་ཡོད་”ཅེས་དང་། མ་འོངས་པར་ག་རེ་བྱེད་དགོས་མིན་རྒྱལ་སྤྱིིའི་ཐོག་དང་རྒྱ་ནག་གི་གནས་སྟངས། ཨེ་ཤ་ཡའི་གནས་སྟངས་ག་འདྲ་ཆགས་མིན་ལ་བལྟས་ནས་བོད་ཀྱི་གནས་སྟངས་ལ་བསམ་བློ་གཏོང་དགོས་སྐོར་དང་། རྒྱ་ནག་གིས་འཆར་གཞི་ག་རེ་བསྒྲིགས་ཡོད་མེད་ལ་ལྟ་དགོས་སྐོར་གསུངས་སོང་།

སྲིད་སྐྱོང་གིས་བརྗོད་གཞི་གཉིས་པ་༧རྒྱལ་དབང་སྐུ་ཕྲེང་ན་རིམ་དང་བོད་མི་མང་བར་གྱི་འབྲེལ་བའི་སྐོར་གསུང་དོན། རྒྱ་ནག་གཞུང་གིས་སྤྲུལ་སྐུའི་ཡང་སྲིད་སྐོར་ལ་ཡིག་ཆ་རིམ་པ་བཏོན་ཡོད་སྐོར་དང་། ༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་སྐོར་ལ་རྒྱ་ནག་གིས་གྲ་སྒྲིག་དང་རྒྱ་ནག་གཞུང་ལས་སུ་གཅིག་གིས་ཐེ་ཇུས་ཆོག་གི་མེད་པའི་སྡིགས་ར་སྐུལ་གྱི་ཡོད་སྐོར་དང་། ང་ཚོས་དམིགས་བསལ་ཚོགས་ཆེན་ཐོག་བོད་མི་ཡོངས་ཀྱི་མངོན་འདོད་དང་བོད་མི་ཡོངས་ཀྱི་རེ་བ་ལྟར། ༧གོང་ས་མཆོག་གི་སྐུ་ཕྲེང་རིམ་བྱོན་མུ་མཐུད་ཕེབས་དགོས་པའི་གསོལ་བ་ཕུར་ཚུགས་སུ་འདེབས་དགོས་པ་དང་། ༧གོང་ས་མཆོག་སྐུ་ཕྲེང་སྔོན་བྱོན་རྣམ་པ་བོད་མི་མང་དང་དམིགས་བསལ་གྱི་འབྲེལ་བ་ཧ་ཅང་ཆེ་སྐོར། ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་བཀའ་དྲིན་ཆེན་པོ་ཡིན་པ་དང་། ག་ཚོད་སྐུ་ཚེ་རིང་པོར་བཞུགས་ན་དེ་ཚོད་ཀྱིས་ཕན་ཐོགས་ཡོད་སྐོར་གསུངས་སོང་།

མཛད་སྒོ་གྲོལ་རྗེས་ཚོགས་ཞུགས་པ་རྣམས་ཚོགས་ཆུང་བཅུ་རུ་ཆ་བགོས་བྱས་ཏེ། གྲོས་བསྡུར་བྱས་མཐར་བསམ་ཚུལ་ཁག་ཉིན་མཐའ་མར་མཉམ་སྤུངས་ཐོག གྲོས་གཞི་གཏན་འབེབས་བྱེད་རྒྱུ་ཡིན་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།