༧གོང་ས་མཆོག་གིས་ཁོང་གི་སྐུའི་འཕྲོད་བཞེས་ཤིན་ཏུ་ལེགས་པོ་ཡོད་སྐོར་གསུངས་སོང་།
༧གོང་ས་མཆོག་གིས་དེ་རིང་ཞོགས་པར་ཁོང་ལ་བོད་ལུགས་སྨན་པ་དང་ཕྱི་ལུགས་སྨན་པ་གཉིས་ཀས་བརྟག་དཔྱད་བྱས་པའི་མཇུག་འབྲས་སུ། ཁོང་གི་སྐུའི་འཕྲོད་བཞེས་“ཤིན་ཏུ་ལེགས་པོ་”ཡོད་སྐོར་གསུངས་སོང་།
༧གོང་ས་མཆོག་གིས་དེ་རིང་ཞོགས་པར་ཁོང་ལ་བོད་ལུགས་སྨན་པ་དང་ཕྱི་ལུགས་སྨན་པ་གཉིས་ཀས་བརྟག་དཔྱད་བྱས་པའི་མཇུག་འབྲས་སུ། ཁོང་གི་སྐུའི་འཕྲོད་བཞེས་“ཤིན་ཏུ་ལེགས་པོ་”ཡོད་སྐོར་གསུངས་སོང་།
ད་ནངས་ཞོགས་པར་༸གོང་ས་མཆོག་གིས་དྲ་རྒྱ་བརྒྱུད་དེ་ཨ་རིིའི་མོན་མའོ་ཐི་སློབ་ཆེན་(Monmouth University) གྱི་དགེ་ལས་རྣམས་ལ་“ང་ཚོའི་བདེ་སྐྱིད་དང་། འཕྲོད་བསྟེན། མ་འོངས་”ཞེས་པའི་བརྗོད་གཞིའི་ཐོག་ལ་བཀའ་སློབ་བསྩལ་བ་དང་། བརྗོད་གཞི་དེ་དང་འབྲེལ་བའི་དྲི་བར་དྲིས་བཀའ་ལན་ཡང་གནང་སོང་།
དྲ་ཐོག་གི་བཀའ་སློབ་དེའི་ནང་། ༧རིན་པོ་ཆེ་མཆོག་གིས་སེམས་ཅན་ཐམས་ཅད་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་མཁན་ཞེ་ཅིག་ཡིན་པ་དང་། མཚོན་ཆའི་རང་བཞིན་ནི་གཏོར་བཅོམ་ཡིན་པས། འཛམ་གླིང་གི་རྒྱལ་ཁབ་ཚོས་“ཁུ་ཚུར་”མ་གཏོགས་མཚོན་ཆ་མེད་པ་བཟོ་རྒྱུ་གལ་ཆེ་བ་དང་། དེ་བཟོ་ཐུབ་པ་ཞིག་ཡིན་པ་ལ་སོགས་པའི་བཀའ་སློབ་གསུངས་པའི་ཐོག ལུས་ཀྱི་བདེ་ཐང་ཡོང་བར་སེམས་ཀྱི་ཞི་བདེ་ཤིན་ཏུ་གལ་ཆེ་བ་དང་། ཁོང་གི་ཐུགས་ཀྱི་ཞི་བདེའི་དབང་གིས་སྐུའི་འཕྲོད་བཞེས་“ཤིན་ཏུ་ལེགས་པོ་ཡོད་”སྐོར་ཡང་གསུངས་སོང་།
ཁོང་གིས་“ང་ཚོས་ནང་གི་ཞི་བདེ་ལ་དོ་སྣང་སྤྲོད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། ད་ནངས་ཞོགས་པ་རང་ལ་ངོས་ལ་བོད་ལུགས་སྨན་པ་དང་། ཕྱི་ལུགས་སྨན་པ་གཉིས་ཀས་བརྟག་དཔྱད་བྱས་པ་རེད། ཁོང་ཚོས་ངོས་ཀྱི་ལུས་པོའི་བདེ་ཐང་ཤིན་ཏུ་ཡག་པོ་འདུག་ཟེར་”ཞེས་གསུངས་པའི་ཁར། “དེ་བས་ངོས་ཀྱིས་སྨན་གཅིག་པུ་མ་ཡིན་པར་ངོས་ཀྱི་བསམ་བློ་གཏོང་སྟངས་རྟག་ཏུ་ཞི་བདེ་ཡིན་པ་དེས་ངོས་ཀྱི་བདེ་ཐང་ལ་ཕན་གྱི་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། རྒྱ་ཆེ་ས་ནས་སེམས་ཅན་ཐམས་ཅད་དང་། ཆུང་ས་ནས་ང་ཚོ་འགྲོ་བ་མི་རྣམས་གཞི་རྩའི་ཆ་ནས་གཅིག་པ་རེད། དེར་བརྟེན་ལུས་པོའི་བདེ་ཐང་ཡོང་བར་སེམས་ཀྱི་ཞི་བདེ་ཤིན་ཏུ་ཕན་ཐོགས་ཡོད། རྒྱུན་དུ་ཁོང་ཁྲོ་དང་འཇིགས་སྣང་ལངས་པ་དེས་ང་ཚོའི་བདེ་ཐང་ལ་ཤིན་ཏུ་གནོད་”ཅེས་བཀའ་སློབ་གནང་འདུག
ཕྱི་ལོ་༢༠༢༠ ལོའི་ཟླ་༢ པའི་འགོ་སྟོད་དུ་སྐུ་སྒེར་ཡིག་ཚང་ནས་ནད་ཡམས་ཀྱི་དཀའ་ཉེན་ལ་བརྟེན་ནས་༧རིན་པོ་ཆེའི་མི་མང་དང་འབྲེལ་བའི་མཛད་འཆར་མཐའ་དག་དུས་ངེས་མེད་ལ་ཕར་འགྱངས་བྱས་པ་ཡིན་པའི་གསལ་བསྒྲགས་སྤེལ་བ་ནས་བཟུང་། ༧རིན་པོ་ཆེ་མཆོག་ཕོ་བྲང་གི་ཕྱི་ལ་མི་ཕེབས་པར་དྲ་རྒྱ་བརྒྱུད་དེ་དད་ལྡན་མང་ཚོགས་ལ་གསུང་ཆོས་དང་། འཛམ་གླིང་གི་སྐྱེ་བོ་རྣམས་ལ་བཀའ་སློབ་ལམ་སྟོན་སྩོལ་བཞིན་བཞུགས་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།