༧གོང་ས་མཆོག་གིས་ཁོང་དགུང་ལོ་བརྒྱ་དང་བཅུ་གྲངས་ལ་བཞུགས་ཐུབ་སྐོར་གསུངས།

ཟླ་འདིའི་ཚེས་༡༧ ཉིན་གྱི་སྔ་དྲོ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བརྟན་ཆེད། བོད་ཀྱི་ལྷ་མི་ཟུང་འབྲེལ་ཐོག་ནས་བརྟན་བཞུགས་ཕུལ་བ་དང་། ༧གོང་ས་མཆོག་གིས་ལྷ་བླའི་ལུང་བསྟན་དང་ཁོང་གི་གཟིམ་ལམ། སྐུའི་འཕྲོད་བསྟེན་གང་ལ་བརྟགས་ཀྱང་དགུང་ལོ་བརྒྱ་དང་བཅུ་གྲངས་ལ་བཞུགས་ཐུབ་པའི་བཀའ་སློབ་གནང་།

ཟླ་འདིའི་ཚེས་༡༧ ཉིན་གྱི་སྔ་དྲོ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བརྟན་ཆེད། བོད་ཀྱི་ལྷ་མི་ཟུང་འབྲེལ་ཐོག་ནས་བརྟན་བཞུགས་ཕུལ་བ་དང་། ༧གོང་ས་མཆོག་གིས་ལྷ་བླའི་ལུང་བསྟན་དང་ཁོང་གི་གཟིམ་ལམ། སྐུའི་འཕྲོད་བསྟེན་གང་ལ་བརྟགས་ཀྱང་དགུང་ལོ་བརྒྱ་དང་བཅུ་གྲངས་ལ་བཞུགས་ཐུབ་པའི་བཀའ་སློབ་གནང་།

བརྟན་བཞུགས་དེ་༸རྒྱལ་མཆོག་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་གྱི་ཆོས་ཚན་ཁོངས་བཞུགས་ཚེ་དཔག་མེད་དྭགས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་ཕུལ་བ་དང་། ས་སྐྱ་ཁྲི་འཛིན་༤༢ པ་རཏྣ་བཛྲ་རིན་པོ་ཆེས་མཎྡྲལ་ལྗགས་བཤད་གནང་བ་དང་འབྲེལ། སྲིད་སྐྱོང་བློ་བཟང་སེང་གེ་དང་། ཚོགས་གཙོ་པདྨ་འབྱུང་གནས་གཉིས་ཀྱིས་དབུས་མང་གཙོའི་བཀའ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བླ་ཆེན་རྣམ་པས་མཎྡྲལ་རྟེན་གསུམ་ཕུལ་ཡོད་པ་རེད།

༧གོང་ས་མཆོག་གིས་ནང་ཆོས་གལ་ཆེན་དང་འབྲེལ་ནས་བཀའ་སློབ་གནང་དོན། “ང་ཚོ་བོད་ཀྱི་ཆོས་དེ་མཁན་ཆེན་ཞི་བ་འཚོས་དཔལ་ཎ་ལེནྡྲའི་ཆོས་བརྒྱུད་ངོ་སྤྲོད་གནང་ནས། ཁོང་རང་ཡིན་ན་ཚད་ཆེན་དཀའ་འགྲེལ་མཛད། ཚད་མ་པ་ཞིག་དང་སྒྲུབ་བྱེད་ལ་བསམ་བློ་གཏོང་མཁན་ཞིག་རེད། ཁོང་གི་རྗེས་འབྲང་ང་ཚོ་བོད་པ་ཚོ་དཔེར་ན་ཆོས་རྒྱལ་ས་པཎ་གྱིས་ཁོང་གིས་རིག་གཏེར་མཛད་ནས་ཚད་མའི་སྐོར་ལ་དོ་སྣང་ཞེ་དྲག་གནང་འདུག འཛམ་གླིང་འདིར་ནང་པའི་ལུང་པ་མང་པོ་ཞིག་ཡོད་པའི་ནང་ནས་ང་ཚོ་བོད་པ་བཞིན་ཚད་མའི་ཐོག་དོ་སྣང་བྱེད་མཁན་བྱུང་མི་འདུག རྒྱ་ནག་ལ་ནི་བྱུང་མི་འདུག ཚད་མའི་གཞུང་དེ་ཚོ་མཁན་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་གྱིས་ཎ་ལེནྡྲའི་ཆོས་བརྒྱུད་དངོས་གནས་ཁ་ཡོད་ལག་ཡོད་ཐོག་ཕྱིན་འདུག དེ་རིང་ཁ་སང་འཛམ་གླིང་ཐོག་བོད་ཀྱི་ཆོས་ལུགས་བླ་མ་ཡིད་སེམས་ཞེས་ཞབས་བརྟན་འདོན་པ་གཅིག་པུ་མིན་པར། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་རིག་པའི་ལམ་ནས་གཏན་ལ་ཕབ་རྒྱུ་ཡོད་པ། ཚན་རིག་པ་ཚོས་ཀྱང་ཚུར་རེ་བ་རྒྱག་ས་ཡོད་པ་ཆགས་འདུག དེ་འདྲའི་བརྗོད་བྱ་གཏིང་ཟབ་པོ་དེ་འགྲེལ་བཤད་རྒྱག་རྒྱུར་བོད་ཡིག་ཡག་ཤོས་ཆགས་འདུག་”ཅེས་བོད་ཀྱི་སྐད་ཡིག་གི་གལ་ཆེའི་སྐོར་བཀའ་སློབ་གནང་།

༧གོང་ས་མཆོག་གིས་བརྟན་བཞུགས་དང་འབྲེལ་ནས་བཀའ་སློབ་གནང་དོན། “ཇི་སྲིད་ནམ་མཁའ་གནས་པ་དང་། འགྲོ་བ་ཇི་སྲིད་གནས་གྱུར་པ། དེ་སྲིད་བདག་ནི་གནས་གྱུར་ནས། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག་ཅེས་སྨོན་ལམ་རྒྱག་རྒྱུ་ཞིག་རེད། ད་ལྟ་ཁ་ཡོད་ལག་ཡོད་ཀྱི་ངའི་མི་ཚེས་མི་ལ་ཕན་ཅུང་ཙམ་ཐོགས་ཀྱི་འདུག་ཨ། ཕན་ཐོགས་ས་དེར་ཚེ་རིང་བ་འདུག་ཐུབ་ན་ཕན་གྱི་རེད་ཨ་”ཅེས་དང་། “ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་དགུང་ལོ་༨༤ ལ་བཞུགས་པ་རེད། ང་རང་ལོ་༨༤ སླེབས་པ་རེད། དགེ་འདུན་གྲུབ་པ་ལ་གསོལ་བ་སྨོན་ལམ་བཏབ་ནས་ད་དུང་ལོ་བཅུ་དང་བཅོ་ལྔ་འཚོ་ཐུབ་པར་དགེ་འདུན་གྲུབ་ཀྱི་འཕྲིན་ལས་ཐུགས་རྗེ་ཕྱིན་རླབས་གནང་ཤོག་ཞུ་ཡི་ཡོད། ངའི་རྨི་ལམ་ལ། རྨི་ལམ་ལ་ཡིད་ཆེས་ཞེ་དྲག་བྱེད་ཀྱི་ཡོད་མ་རེད་དེ། ཐེངས་གཅིག་ངའི་རྨི་ལམ་ནང་ངས་ཆུ་བརྐྱལ་གྱི་འདུག ངས་བརྐྱལ་ཤེས་ཀྱི་ཡོད་མ་རེད་དེ། ངས་ཆུ་བརྐྱལ་གྱི་འདུག ངའི་སྒལ་པའི་ཐོག་དཔལ་ལྡན་ལྷ་མོ་འདུག སྐད་ཅ་འདྲ་བྱུང་དུས་དཔལ་ལྡན་ལྷ་མོས་ཁྱེད་རང་ལོ་༡༡༠ ལ་འདུག་པར་ཐེ་ཚོམས་མེད་གསུངས་སོང་། སྔོན་མ་ང་ལ་རྨི་ལམ་ཞིག་བྱུང་རེད། ལོ་༡༡༣ ཟེར་བ་དེ་ལུང་བསྟན་ནང་ཡོད་པ་རེད། དེ་རེ་བ་སྐམ་པོ་ཙམ་ཕལ་ཆེར་མ་རེད། ཚད་མ་ཕྲན་བུ་ཕྲན་བུ་ཡོད་པ་ཞིག་རེད། སྐུ་གཤེགས་པ་དཀའ་ཐོག་དགེ་རྩེ་རིན་པོ་ཁོང་གི་སྐུ་ཐོག་སྔོན་མ་སྔོན་དགེ་རྩེ་པཎྡི་ཏའི་ང་ལོ་༡༡༣ སྡོད་ཐུབ་པ་ལུང་བསྟན་ནང་ཡོད་རེད། ལོ་༡༡༠ ལོ་འདུག་ཐུབ་པའི་རེ་བ་ཡོད་པ་ལྟ་བུ་འདུག ངས་སེམས་ཤུགས་བསྐྱེད། ཁྱེད་རང་ཚོས་སྨོན་ལམ་རྒྱོབ། ང་ན་ནིང་ལ་དྭགས་ལ་ཡོད་དུས། ཡུལ་གྲུ་ཁ་ཤས་ལ་ཡོང་རོགས་བྱས་ཟེར། ང་ལྷོད་ལྷོད་བསྡད་ནས་ཚེ་རིང་པོ་དགའ་བ་འདུག་པེ། བྲེལ་བ་ཚ་པོ་བྱས་ནས། ཚེ་ཐུང་བ་དགའ་བ་འདུག་ལབ་ཡིན། ད་ལྟ་འབྲེལ་ཡོད་ཚོས་ངལ་གསོ་རྒྱོབ། ངལ་གསོ་གལ་ཆེན་པོ་རེད་གསུང་གི་འདུག དེ་ང་ལ་དགོས་པ་རེད། དེ་རིང་ལྷ་མི་ཟུང་འབྲེལ་གྱིས་བརྟན་བཞུགས་གནང་རེད། རྟེན་འབྲེལ་ལྟོས་གྲུབ་ཀྱི་ཐོག་ནས་ཕན་ཐོགས་ཏན་ཏན་ཡོང་གི་རེད། ང་རང་སེམས་ཤུགས་བསྐྱེད་ནས་ལོ་བརྒྱ་དང་བཅུ་གྲངས་ལ་འདུག་ཐུབ་རྒྱུར་སྨོན་ལམ་རྒྱག་གི་ཡོད། ཕལ་ཆེར་འཕྲོད་བསྟེན་ཡག་པོ་བྱེད་ཐུབ་ན་འདུག་ཐུབ་ས་རེད་”ཅེས་བཀའ་སློབ་གནང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *