༧གོང་ས་མཆོག་གིས་ཁོང་དགུང་ལོ་བརྒྱ་ཟིན་མིན་བར་བཞུགས་རྒྱུའི་ཞལ་བཞེས་གནང་།
ཟླ་འདིའི་ཚེས་༢༥ ཉིན་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧དཔལ་ས་སྐྱའི་གོང་མ་ཁྲི་ཆེན་རིན་པོ་ཆེ་དང་། སྐྱབས་མགོན་གོང་མ་ཁྲི་འཛིན་རྣམ་གཉིས་དབུ་བཞུགས་ཐོག ས་སྐྱའི་ཆོས་བརྒྱུད་འཛིན་པ་ཡོངས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
ཟླ་འདིའི་ཚེས་༢༥ ཉིན་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧དཔལ་ས་སྐྱའི་གོང་མ་ཁྲི་ཆེན་རིན་པོ་ཆེ་དང་། སྐྱབས་མགོན་གོང་མ་ཁྲི་འཛིན་རྣམ་གཉིས་དབུ་བཞུགས་ཐོག ས་སྐྱའི་ཆོས་བརྒྱུད་འཛིན་པ་ཡོངས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
སྐབས་དེར་༧གོང་ས་མཆོག་གིས། ཁོང་དགུང་ལོ་བརྒྱ་ཟིན་མ་ཟིན་ལ་སྡོད་ཐུབ་རྒྱུར་སྨོན་ལམ་རྒྱག་གི་ཡོད། དེར་བརྟེན་ཁྱེད་རང་ཚོས་ཀྱང་དེ་ལུགས་སྨོན་ལམ་རྒྱག་ཤོག་ཅེས་གསུངས་སོང་།
ཟླ་འདིའི་ཚེས་༢༡ ནས་ཉིན་ལྔའི་རིང་བསྟན་བདག་བླ་ཆེན་རྣམ་པ་དབུ་བཞུགས་ཐོག་བརྟན་བཞུགས་སྒྲུབ་ཞག་མཛད་ཡོད་འདུག་ལ། ཐེངས་འདིའི་བརྟན་བཞུགས་ཀྱི་སྐུ་མགྲོན་དུ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བླ་ཆེན་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མི་ཁག་ཕེབས་ཡོད་པ་རེད།
བརྟན་བཞུགས་སྐབས་སུ་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་དོན། དེ་རིང་འདིར་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་དབུ་བཞུགས་མཛད་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་ཕུལ་བ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ནི་ང་ཚོའི་ཚེ་ལྷ་རེད་ལ་འཆར་ཅན་འདོན་སྡོད་ཀྱི་ཡོད་རེད། དེ་རིང་འདིར་ས་སྐྱ་བདག་ཁྲི་རིན་པོ་ཆེ་དབུ་བཞུགས་མཛད་ནས་ཕུན་ཚོགས་ཕོ་བྲང་དང་སྒྲོལ་མ་ཕོ་བྲང་བཅས་ཐུན་མོང་གིས་བརྟན་བཞུགས་ཕུལ་བ་རེད།
ང་རང་ལ་ཆ་བཞག་ན་བཅོ་བརྒྱད་རིན་པོ་ཆེའི་སྐུ་མདུན་ནས་ཀྱེ་རྡོར་ཞུས། ས་སྐྱའི་ལམ་འབྲས་ཡང་ཞུས་ཡོད་རེད། ངས་ཀྱེ་རྡོར་ཉིན་རེ་བཞིན་དུ་འདོན་སྡོད་ཀྱི་ཡོད་པས། གསང་ཆེན་སློབ་བཤད་པའི་གྲལ་མཐའ་དེར་ཡོད་སྡོད་མཁན་ཞིག་ཆགས་ཡོད། བོད་གངས་ཅན་གྱི་ལྗོངས་ཀྱི་རེས་མེད་ཀྱི་ཆོས་བརྒྱུད་ཁག་དེ་དག་གིས་སོ་སོའི་ཐུན་མོང་མ་ཡིན་པའི་མན་ངག་རེ་རེ་བྱས་ནས་གཞན་དང་མི་འདྲ་བ་རེད། དེར་བརྟེན་ང་རང་གིས་ལམ་འབྲས་ཡང་ཞུས། ཀྱེ་རྡོར་ཉིན་རྟག་པར་བཏོན་དུས། ས་སྐྱའི་ལམ་འབྲས་བ་ཞེས་ལབ་ཆོག་རྒྱུ་ཞིག་ཆགས་ཡོད། དེ་རིང་བརྟན་བཞུགས་དམིགས་བསལ་གནང་བ་དེ་འདྲ་རེད། ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
བོད་ཀྱི་གནས་སྟངས་ལ་བསམ་བློ་གཏོང་དུས་ང་ཚེ་རིང་མོ་ཞིག་འདུག་མ་ཐུབ་ན། བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དང་བོད་རྒྱ་ཆེ་མི་མང་གི་རེ་འདོད་བསྐང་ཐུབ་ཀྱི་མ་རེད་བསམས་ནས་ང་རང་གིས་སེམས་ཤུགས་བསྐྱེད་ནས་སྡོད་ཀྱི་ཡོད། ལོ་བརྒྱ་ཟིན་མ་ཟིན་སྡོད་ཐུབ་རྒྱུ་ལ་སྨོན་ལམ་རྒྱག་གི་ཡོད། དེར་བརྟེན་ཁྱེད་རང་ཚོས་ཀྱང་དེ་ལུགས་ལ་ཐུགས་སྨོན་གནང་ཤོག ང་རང་ཚོ་ནི་བཙན་བྱོལ་བ་རེད། ང་ཚོའི་ལྟེ་གནས་གཙོ་བོ་དེ་བོད་ལ་ཡོད་རེད། ས་སྐྱ་ལ་ཆ་བཞག་ན་རི་དཀར་བོ་ཞིག་གི་མདུན་དེར་འདུག།ཆོས་རྗེ་ས་པན་དང་ལོ་ཙྰ་བ་དེ་ཚོས་བྱིན་གྱིས་རླབས་པའི་གནས། བླ་མ་བསམ་གྱིས་མི་ཁྱབ་པ་བྱུང་ཡོད་རེད། དེ་འདྲའི་བསྟན་པའི་རྒྱུན་འཛིན་མཁན་ཆགས་སྡོད་ཡོད་རེད། ཁྱེད་རང་ཚོར་གཞུང་ཆེན་གྱི་སློབ་གཉེར་ཡོད་པ། གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་བཞིའི་ཉམས་ལེན་ཡོད་སྡོད་པ། གང་ལྟར་མདོ་སྔགས་ཟུང་འབྲེལ་ཐུན་མོང་མ་ཡིན་པ་ཞིག་ཆགས་བསྡད་ཡོད་རེད། ཚང་མས་ད་ལྟ་ནང་བཞིན་ཧུར་ཐག་གནང་ཤོག རིན་པོ་ཆེས་དབུ་ཁྲིད། རིན་པོ་ཆེ་ཆུང་ཆུང་སྐབས་ནས་ངའི་ངོ་ཤེས་པ་རེད། ཧུར་ཐག་གནང་སོང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཀའ་སློབ་གནང་སོང་།
གསར་འགོད་པ་བློ་བཟང་རྒྱ་མཚོ།