༧གོང་ས་མཆོག་གིས་ཁོང་སྐུ་གཟུགས་བདེ་ཐང་ཡིན་སྐོར་གསུངས་སོང་།
བོད་རྒྱལ་ལོ་༢༡༤༩ རབ་གནས་ཆུ་སྟག་ཟླ་༡ ཚེས་༡༥ དང་ཕྱི་ཟླ་༣ ཚེས་༡༨ ཆོ་འཕྲུལ་དུས་ཆེན་ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་ཀྱི་གསུང་ཆོས་དང་། སེམས་བསྐྱེད་ཀྱི་ཆོས་འབྲེལ་གནང་ཡོད་པ་དང་། དེ་ནི་ཏོག་དབྱིབས་ནད་ཡམས་ཁྱབ་ནས་ལོ་གཉིས་ཀྱི་རྗེས་སུ་མི་མང་འདུ་འཛོམས་སར་གསུང་ཆོས་གནང་བ་ཐེངས་དང་པོ་དེ་ཆགས་ཡོད་པ་རེད།
སྐབས་དེར་༧གོང་ས་མཆོག་གིས་ཁོང་གི་སྐུ་གཟུགས་གནས་སྟངས་འབྲེལ་ནས་བཀའ་སློབ་གནང་དོན། “ཐོག་མའི་འཆར་གཞི་ཡིན་ན་དེ་རིང་ལྡི་ལིར་སོང་ནས་བརྟག་དཔྱད་བྱེད་རྒྱུའི་འཆར་གཞི་རེད་དེ། ངའི་གཟུགས་པོར་སྐྱོན་གང་ཡང་མི་འདུག ཨེ་རྗེ་ལ་བྷོ་སིན་(མུར་མཛོག་)རྩེད་དགོས་ན་ངས་ཡག་པོ་སྤྲོད་ཐུབ་ས་རེད། དེ་ནས་ལྡི་ལིར་ཡིན་གཅིག་མིན་གཉིས་འགྲོ་དགོས་པ་མི་འདུག་པས། མི་འགྲོ་རྒྱུ་བྱས་པ་ཡིན། རྡོ་རྗེ་གདན་ལ་དགུན་ཁ་འཆར་ཅན་འགྲོ་ཡི་ཡོད་པས། དེའི་ཞོར་ལ་ལྡི་ལིའི་སྨན་ཁང་ནས་བརྟག་དཔྱད་བྱེད་རྒྱུ་བྱས་ཡིན། ང་འདིར་ལྷོད་ལྷོད་འདུག་རྒྱུ་བྱས། ངའི་གཟུགས་པོ་ནི་བདེ་པོ་ཞེ་དྲག་འདུག ང་རང་གིས་མོ་བརྒྱབ་པ་དང་བརྟག་དཔྱད་བྱས་ཡིན་པས། དྷ་སར་ལྷོད་ལྷོད་བསྡད་ན་དེ་ཡག་གི། ང་སྐུ་འབུམ་ནས་ཡོང་བའི་བླ་མ་དེ་བདེ་ཐང་བྱས་ནས་བསྡད་ཡོད། ཁྱེད་རང་ཚོ་བློ་བདེ་པོ་བྱས་ནས་བཞུགས་”ཞེས་བཀའ་སློབ་གནང་སོང་།
༧གོང་ས་མཆོག་གིས་བོད་ཀྱི་ལོ་རྒྱུས་དང་འབྲེལ་སྐད་ཡིག་གལ་ཆེན་སྐོར་ལ་བཀའ་སློབ་གནང་དོན། “ང་ཚོ་བོད་གངས་ཅན་པའི་ཞིང་དེ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཟེར་གྱི་ཡོད་རེད། བོད་ནང་ཡོད་པའི་རྒྱ་ཆེའི་མི་མང་དང་དེ་དང་འབྲེལ་བའི་སོག་རིགས་ཁག་མང་པོས་འཕགས་པ་སྤྱན་རས་གཟིགས་ཟེར་དུས་གསོལ་བ་རྩེ་གཅིག་ཏུ་འདེམས་ས་ཞིག་འདུག ང་རང་ཚོའི་ལོ་རྒྱུས་བཤད་ན། ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། ཁྲི་སྲོང་སྡེ་བཙན་དེ་ཚོ་རེད། གལ་ཆེ་ཤོས་སྲོང་བཙན་སྒམ་པོ་རེད་འདུག སྲོང་བཙན་སྒམ་པོ་དེ་དངོས་གནས་གྲུང་པོ་ཞིག་འདུག་ཨ། ང་རང་ཚོ་སོ་སོ་བོད་པར་བོད་ཡིག་ཅིག་དགོས་ཀྱི་འདུག་ཅེས་འབད་བརྩོན་བྱས་ཏེ་པ་ལི་ལ་དཔེ་བལྟས་པ་མ་ཡིན་པར། རྒྱ་ཡིག་ལ་དཔེ་བལྟས་པ་མ་ཡིན་པར། ལེགས་སྦྱར་གྱི་དབྱིངས་དང་གསལ་བཤད་ཀྱི་དབྱེ་བ་དེ་གཞི་ལ་བཞག་ནས་གཙོ་བོ་བོད་པ་ལ་བོད་ཡིག་བཟོས་ནས། ང་ཚོ་ཚང་མས་དུས་ད་ལྟ་བར་དུ་ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན་ཞེས་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་ལ་གཅིག་གྱུར་བྱས་ནས་བསྡད་ཡོད་པ་རེད། དེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་མཛད་རྗེས་རེད། རྒྱ་བཟའ་དང་འཁྲུངས་ས་བསྐྱོན་རེད། རྒྱ་ནག་གོང་མ་དང་དམིགས་བསལ་འབྲེལ་བ་ཡོད་པ་རེད། རྒྱ་བཟའ་མཉམ་དུ་འཁྲུངས་ས་བསྐྱོན་ནས་རྒྱ་མིའི་ཁ་ལག་ཞིམ་པོ་དེ་ཚོ་ཕལ་ཆེར་བཞེས་ཡོད་ཀྱི་རེད། ཡིན་ཡང་ཡི་གེ་དེ་བོད་པ་རང་ལ་ཡི་གེ་ཞིག་དགོས་ཀྱི་འདུག་ཅེས་བོད་ཡིག་བཟོས་པ་དེ་གྲུང་པོ་ཞེ་དྲག་བྱུང་འདུག་”དུས་རབས་བརྒྱད་པ་ནས་སངས་རྒྱས་ཀྱི་གཞུང་དང་བཀའ་བསྟན་བོད་ཡིག་ཏུ་བསྒྱུར་པ་དེ་སྔར་གྱི་ཆོས་རྒྱལ་ཚོས་དགོངས་པ་རྒྱ་ཆེན་པོ་བཞེས་ཡོད་སྐོར་དང་། བོད་མི་གཞོན་སྐྱེས་ཚོས་བོད་ཡིག་དང་ནང་ཆོས་ལ་སློབ་གཉེར་དགོས་སྐོར་གྱི་བཀའ་སློབ་གནང་སོང་།
དེ་བཞིན་༧གོང་ས་མཆོག་གིས་ཕྲུ་གུ་ཚོར་སློབ་གཉེར་ལ་ཤུགས་སྣོན་དགོས་སྐོར་གསུང་དོན། “ངའི་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་དེ་འབྲེལ་བཤད་ག་ཚོད་ཡོང་ཡོང་བརྒྱབ་བསྡད་ཡོད་རེད། དེ་རིང་འདིར་ཆོས་ཞུ་བ་སྤྱི་དང་། ལྷག་པར་སློབ་མ་གཞོན་སྐྱེས་ཚོ་ཚང་མས་ཧུར་ཐག་བྱེད་དགོས་རེད། ང་ལོ་རྒས་ཡོང་གི་ཡོད་པ་རེད་དེ། ད་དུང་ལོ་བཅུ་གྲངས་ལ་ཕལ་ཆེར་འདུག་གི་རེད། ངས་འགོ་ཁྲིད། ལམ་སྟོན་བྱས། ཁྱེད་རང་ཚོས་ཧུར་ཐག་གྱིས་ཤོག ང་པུས་མོ་ཏོག་ཙམ་མ་བདེ་བ་འདུག གལ་སྲིད་དགོས་གལ་བྱུང་ན། འཁར་རྒྱུག་ཤིག་བཙུགས་ནས་འགྲོ་འདུག དེ་མིན་ན་རྐུབ་བཀྱགས་ཐོག་བསྡད་ནས། རྐང་པ་བཙུགས་མ་ཐུབ་ནས་ས་ལ་འདུག་དགོས་ནའང་། ཁ་ནས་མེ་འབར་བ་ལྟར་ཡོད་པ་ཞིག དེ་རིང་སྨོན་ལམ་གྱི་དུས་ཆེན་དང་འབྲེལ་ནས་ང་ཚོ་རུག་རུག་བྱེད་རྒྱུ་བྱུང་བ་རེད་”ཅེས་ཚང་མས་སློབ་གཉེར་ལ་ཧུར་ཐག་དགོས་སྐོར་དང་། ང་རང་ཚོ་བཙན་བྱོལ་བྱས་ནས་བསྡད་ཡོད་ནའང་། བོད་པའི་ཆོས་དང་རིག་གཞུང་ལ་བདག་པོ་བརྒྱབ་ཡོད་སྐོར་གྱི་བཀའ་སློབ་གནང་ནས་གསུང་ཆོས་དབུ་འཛུགས་གནང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།