༧གོང་ས་མཆོག་གིས་གཙོས་པའི་འཛམ་གླིང་གི་དབུ་ཁྲིད་ཚོས་ཡེ་ཤུའི་བླ་ཆེན་ཌེ་སི་མོན་ཊུ་ཊུ་མཆོག་སྐུ་གཤེགས་པར་མྱ་ངན་ཞུས་འདུག
ཡེ་ཤུའི་བླ་ཆེན་ཌེ་སི་མོན་ཊུ་ཊུ་མཆོག་སྐུ་གཤེགས་རྗེས། ༧གོང་ས་མཆོག་གིས་“ང་ཚོར་མཚོན་ན། དམ་པ་ཁོང་གི་སྐུ་ཚེའི་འཕེན་པ་རྫོགས་པ་ནི་རླབས་ཆེན་གྱི་མི་སྣ་ཞིག་སྐུ་གཤེགས་པ་ཆགས་ཡོད་”པ་དང་། “དམ་པ་ཁོང་གི་རྗེས་དྲན་ཡག་ཤོས་ནི་ང་ཚོས་ཀྱང་ཁོང་ལྟར་གཞན་ལ་རོགས་རམ་གང་ཞིག་བྱེད་ཐུབ་མིན་བལྟ་རྒྱུ་དེ་རེད་”ཅེས་གསུངས་འདུག
ཡེ་ཤུའི་བླ་ཆེན་ཌེ་སི་མོན་ཊུ་ཊུ་མཆོག་སྐུ་གཤེགས་རྗེས། ༧གོང་ས་མཆོག་གིས་“ང་ཚོར་མཚོན་ན། དམ་པ་ཁོང་གི་སྐུ་ཚེའི་འཕེན་པ་རྫོགས་པ་ནི་རླབས་ཆེན་གྱི་མི་སྣ་ཞིག་སྐུ་གཤེགས་པ་ཆགས་ཡོད་”པ་དང་། “དམ་པ་ཁོང་གི་རྗེས་དྲན་ཡག་ཤོས་ནི་ང་ཚོས་ཀྱང་ཁོང་ལྟར་གཞན་ལ་རོགས་རམ་གང་ཞིག་བྱེད་ཐུབ་མིན་བལྟ་རྒྱུ་དེ་རེད་”ཅེས་གསུངས་འདུག
ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུའི་བླ་ཆེན་ཌེ་སི་མོན་ཊུ་ཊུ་མཆོག་(Archbishop Desmond Tutu) ས་ཁང་རེས་གཟའ་ཉི་མའི་ཉིན་དགུང་གྲངས་༩༠ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་བྱུང་རྗེས། ༧གོང་ས་མཆོག་གིས་གཙོས་པའི་འཛམ་གླིང་གི་དབུ་ཁྲིད་རྣམས་ཀྱིས་སྐྱེས་ཆེན་དམ་པ་ཁོང་སྐུ་གཤེགས་པར་མྱ་ངན་གུས་དུད་དང་། ཁོང་གི་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོའི་གསུང་འཕྲིན་གནང་འདུག
དམ་པ་ཁོང་སྐུ་གཤེགས་པའི་གནས་ཚུལ་༧གོང་ས་མཆོག་གིས་གསན་མ་ཐག ཁོང་གི་ཤུལ་ལུས་སྲས་མོ་ལྕམ་སྐུ་མི་ཧྥོ་ཊུ་ཊུ་(Rev. Mpho Tutu) ལ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་། ༧རིན་པོ་ཆེ་མཆོག་གིས་“ངོས་ཀྱིས་སྐུ་ཉིད་ཀྱི་ཡབ་དམ་པ་མཆོག་ལ་ཐུགས་སྨོན་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱིས་མཁྱེན་གསལ་ལྟར་ད་བར་སྐུ་ཉིད་ཀྱི་ཡབ་དམ་པ་མཆོག་དང་ངེད་གཉིས་ཀྱིས་བློ་བརྟན་འགྱུར་མེད་ཀྱི་གྲོགས་པོའི་འདུ་ཤེས་ལོངས་སུ་སྤྱོད་རྒྱུ་བྱུང་བས་དགའ་པོ་བྱུང་། ཕྱི་ལོ་༢༠༡༥ ལོར་རྡ་སར་ངེད་གཉིས་ཀྱིས་བདུན་ཕྲག་གཅིག་རིང་མཉམ་རུབ་ཐོག་དུས་ཚོད་བཏང་སྟེ་འཛམ་བུ་གླིང་ནང་ཞི་བདེ་དང་། བདེ་སྐྱིད་གོང་མཐོར་ཇི་ལྟར་སྤེལ་རྒྱུའི་སྐོར་བསམ་བློ་བརྗེ་རེས་བྱས་པ་མཚོན་པའི་ཐེངས་མང་པོའི་རིང་མཉམ་དུ་དུས་ཚོད་བཏང་བ་ངོས་ཀྱིས་ཡིད་ལ་དྲན་གྱི་འདུག་”ཅེས་གསུངས་འདུག
༡༩༨༤ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པའི་ཡེ་ཤུའི་བླ་ཆེན་དམ་པ་ཁོང་ནི་ལྷོ་ཨ་ཧྥི་རི་ཀའི་མི་རིགས་འདྲ་མཉམ་གྱི་ལས་འགུལ་(anti-apartheid movement) ལ་འཚེ་མེད་ཞི་བའི་སྣེ་ཁྲིད་མཁན་གྱི་དབུ་ཁྲིད་ཅིག་ཡིན་པ་དང་། ཁོང་གིས་སྐུ་ཚེ་ཧྲིལ་པོ་འདྲ་མཉམ་དང་། དྲང་བདེན། འཚེ་མེད་ཞི་བདེ་ལ་སོགས་པའི་འགྲོ་བ་མིའི་བཟང་པོའི་ཡོན་ཏན་རྣམས་གོང་དུ་སྤེལ་ཐབས་ཐོག་ལ་བསྐྱལ་ཡོད་ཅིང་། ཕྱིས་སུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་དང་བློས་ཐུབ་ཀྱི་གྲོགས་པོ་ཆགས་ནས། ཞི་བདེའི་དེད་དཔོན་ཁོང་རྣམ་པ་གཉིས་ཀྱིས་མཉམ་འབྲེལ་ཐོག་ནས་<<དགའ་སྤྲོའི་གླེགས་བམ་>>(The Book of Joy) ཞེས་པའི་ཕྱག་དེབ་ཅིག་ཀྱང་བརྩམས་གནང་ཡོད།
༧རྒྱལ་བ་རིན་པོ་ཆེ་མཆོག་གིས་“ང་ཚོར་མཚོན་ན། དམ་པ་ཁོང་སྐུ་ཚེའི་འཕེན་པ་རྫོགས་པ་ནི་རླབས་ཆེན་གྱི་མི་སྣ་ཞིག་སྐུ་གཤེགས་པ་ཆགས་ཡོད། ཁོང་གིས་མི་ཚེ་དོན་དང་ལྡན་པ་བསྐྱལ་ཡོད། ཁོང་གིས་བློས་བཏང་གིས་མི་གཞན་གྱི་ཆེད་དུ་ཞབས་འདེགས་བསྒྲུབས་ཡོད་པ་དང་། ལྷག་པར་ཁོང་གིས་སྐྱབས་མེད་མགོན་མེད་རྣམས་ཀྱི་ཆེད་དུ་ཞབས་འདེགས་བསྒྲུབས་ཡོད། དམ་པ་ཁོང་གི་རྗེས་དྲན་ཡག་ཤོས་ནི་ང་ཚོས་ཀྱང་ཁོང་ལྟར་གཞན་ལ་རོགས་རམ་གང་ཞིག་བྱེད་ཐུབ་མིན་བལྟ་རྒྱུ་དེ་རེད་”ཅེས་གསུངས་འདུག
དེ་མིན་ད་དུང་། ཨ་རིའི་སྲིད་འཛིན་བྷ་ཌན་དང་། རྒྱ་གར་གྱི་སྲིད་བློན་མོ་དྷི་ལ་སོགས་པའི་སྟོབས་ཆེན་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་སྐྱེས་ཆེན་དམ་པ་ཁོང་སྐུ་གཤེགས་པར་མྱ་ངན་གྱི་གུས་ཚིག་བསྒྲགས་འདུག་པ་དང་། ལྷོ་ཨ་ཧྥི་རི་ཀས་བདུན་ཕྲག་གཅིག་གི་རིང་ལ་མྱ་ངན་ཞུ་རྒྱུ་རེད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།