༧གོང་ས་མཆོག་གིས་མི་ཚེ་གཅིག་མིན་པར་ཚེ་རབས་ནས་ཚེ་རབས་ཡིན་སྐོར་ལ་བཀའ་སློབ་གནང་།
ཟླ་འདིའི་ཚེས་༢༧ ཉིན་༸གོང་ས་མཆོག་གིས་དྷ་ས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མི་མཇལ་བཅར་བ་ཁག་གཅིག་ལ་བླངས་དོར་བཀའ་སློབ་གནང་ཡོད་པ་རེད།
ཟླ་འདིའི་ཚེས་༢༧ ཉིན་༸གོང་ས་མཆོག་གིས་དྷ་ས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མི་མཇལ་བཅར་བ་ཁག་གཅིག་ལ་བླངས་དོར་བཀའ་སློབ་གནང་ཡོད་པ་རེད།
དེ་ཡང་༧གོང་ས་མཆོག་གིས། “ང་རང་ཚོ་བོད་པ་རེད། བོད་རིགས་རེད། ཤེས་སོང་ངམ། དེང་སྐབས་འཛམ་གླིང་གི་གནས་སྟངས་ལ་གཅིག་བལྟས་པ་ཡིན་ན། འཛམ་གླིང་གང་སར་སེམས་འཁྲུགས་ནས་མ་སྐྱིད་པ་བྱེད་མཁན་ཧ་ཅང་མང་པོ་འདུག ང་རང་ཚོའི་དཔེ་ཆ་དང་ཚན་རིག་པས་ཀྱང་མིའི་ལྷན་སྐྱེས་རང་བཞིན་དེ་བྱམས་བརྩེའི་རང་བཞིན་ཡིན་པ་བཤད་ཡོད། ཕྲུ་གུ་ཆུང་ཆུང་བཙས་པ་ཉིད་ནས་མའི་བྱམས་པ་དང་བརྩེ་བ་ལ་བརྟེན་ནས་ཕྲུ་གུ་འཚོ་ཞིང་ཡོད། དེར་བརྟེན་མིའི་རང་བཞིན་དེ་བྱམས་བརྩེའི་རང་བཞིན་རེད་ཟེར་གྱི་འདུག དེ་ལྟར་ཡིན་བཞིན་དུ་འཛམ་གླིང་འདིའི་སྒང་ལ་བྱམས་བརྩེའི་བསམ་པ་དེ་ཡལ་ནས་ང་དང་ཁྱོད། ཟེར་ནས་ཆགས་སྡང་གི་སྐད་ཆ་ཧ་ཅང་ཤོད་རྒྱུའི་དུས་སྐབས་འདིར། ང་ཚོ་བོད་མི་ཚོས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད། མཁན་ཆེན་ཞི་བ་འཚོས་ང་ཚོར་རྩིས་སྤྲོད་གནང་བའི་ཐབས་བྱང་ཆུབ་ཀྱི་སེམས་དང་། ཤེས་རབ་སྟོང་ཉིད་ཀྱི་ལྟ་བ་དེ་ཧ་ཅང་རྩ་ཆེན་པོ་རེད་འདུག ཐབས་བྱང་ཆུབ་ཀྱི་སེམས་དང་། ཤེས་རབ་སྟོང་ཉིད་ཀྱི་ལྟ་བ་དེ་དག་འགྲེལ་བཤད་སྤུས་དག་པོ་རྒྱག་ཐུབ་མཁན་བོད་སྐད་ཁོ་ན་རེད། ལེགས་སྦྱར་སྐད་དེ་དུས་ཚོད་ཡོལ་ཟིན་པ་རེད། ལེགས་སྦྱར་ཤེས་མཁན་མཁས་དབང་རེ་ཟུང་ཙམ་རེད། དེང་དུས་ཧིན་སྐད་དེ་འདང་ངེས་མེད། དབྱིན་སྐད་དེ་བས་མེད། ནུབ་ཕྱོགས་པའི་ཆོས་དང་རིག་གཞུང་རྦད་དེ་ཐ་དད་རེད། དེར་བརྟེན་ང་ཚོ་བོད་ལ་མཁན་ཆེན་ཞི་བ་འཚོས་རྩིས་སྤྲོད་གནང་བ་དེ་ང་ཚོ་བོད་པ་ཚོས་ལོ་ངོ་སྟོང་ཕྲག་རིང་ནས་བཟུང་ནས་བསྡད་པ་རེད། དེང་སྐབས་འཛམ་གླིང་འདིའི་སྟེང་ཤེས་ཡོན་ཅན་རྣམས་འཚོགས་སྐབས་ང་ཚོ་བོད་པས་དཔལ་ནཱ་ལེནྡྲའི་ཤེས་ཡོན་ང་ཚོས་ད་བར་བདག་གཅེས་བྱས་པ་དེ་ཁྱད་དུ་འཕགས་པ་ཞིག་ཆགས་བཞིན་ཡོད། དེར་བརྟེན་ང་ཚོ་བོད་པ་ཚོས་གང་ཐུབ་ཅི་ཐུབ་ཀྱིས་ཕྲུ་གུ་ཚོར་བོད་སྐད་དང་བོད་ཡིག་ལ་དོ་སྣང་ཤུགས་ཆེ་ཙམ་ཡོད་པ་ཞིག་བཟོ་དགོས། སྡོད་ས་ཕྱི་རྒྱལ་ཡིན་ནའང་ཁྱད་གང་ཡང་མེད། གང་ལྟར་བོད་སྐད་དང་བོད་ཡིག་འདི་ཤེས་པ་ཞིག་བཟོས་དགོས། དེར་ཁྱེད་རང་ཚོས་དོ་སྣང་ངེས་པར་དུ་བྱེད་རོགས། མ་འོངས་པར་ཕན་ཐོགས་ཡོང་རྒྱུ་རེད་”ཅེས་བཀའ་སློབ་གནང་། ༧གོང་ས་མཆོག་གིས་སྐྱེ་བ་ཕྱི་མ་དང་འབྲེལ་བཀའ་སློབ་གནང་དོན། “ང་ཚོ་བོད་པ་ཚོས་ཚེ་རབས་ནས་ཚེ་རབས་ཟེར་གྱི་ཡོད། དེར་བརྟེན་འདིར་སྤོ་ལགས་རྨོ་ལགས། དེ་བཞིན་ནད་པ་རིམ་བཞིན་ཕྱི་མའི་ལྔ་ལམ་དུ་གྱུར་བར་མངོན་དུ་ཕྱོགས་པ་ཚོས་ཀྱང་བློ་བདེ་པོ་བྱོས། ང་ཚོ་མི་ཚེ་གཅིག་གི་སྐད་ཆ་མ་རེད། ང་ཚོ་ཚེ་རབས་ནས་ཚེ་རབས་དཔེར་ན། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་ཞལ་བཞུགས་སྐབས་ཞབས་ཕྱི་ཕྱིས་སུ་དགེ་འདུན་གྲུབ་པའི་སྐབས་སུའང་ཞབས་ཕྱིར་བསླེབས་ནས་ཞབས་ཕྱི་ཞུ་རྒྱུ་བྱུང་ཡོད། བསོད་ནམས་རྒྱ་མཚོའི་སྐབས་སུའང་སྐྱེ་བ་གསར་པ་ཞིག་བསླངས་ནས་ཞབས་ཕྱི་ཞུས་པ། གཞན་ཡང་༸གོང་ས་ལྔ་པའི་སྐབས་བྱས་ནས་གང་ལྟར་ཚེ་རབས་ནས་ཚེ་རབས་བྱས་ནས་འགྲོ་བཞིན་ཡོད། ངོས་རང་ཁྱད་འཕགས་ཡིན་ཟེར་གྱི་མེད། འོན་ཀྱང་དེ་ལྟའི་དུས་སྐབས་འདིར་བོད་གངས་ཅན་གྱི་ལྷ་སྐལ། འཕགས་པ་སྤྱན་རས་གཟིགས་དང་བོད་གངས་ཅན་པ་ཐུན་མིན་འབྲེལ་བ་ཡོད་པ་དེར་རྒྱུ་མཚན་ཡོད། ལོ་རྒྱུས་ཡང་མང་པོ་ཤོད་རྒྱུ་ཡོད། ད་ལྟའི་དུས་སྐབས་འདིར་འཕགས་པ་སྤྱན་རས་གཟིགས་གང་དུ་ཡོད་བརྗོད་ན། རི་བོ་པོ་ཏཱ་ལར་ཡོད་ཟེར་རྒྱུ་ཙམ་ལས་མེད། གང་ལྟར་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་བྱས་ནས་ཐོན་པ་འདི་ངོས་རང་ཆགས་ཡོད། མ་རེད་དམ། སྤྱན་རས་གཟིགས་ཀྱི་སྐུའི་སྐུ་ཚབ། གསུང་གི་གསུང་ཚབ། ཐུགས་ཀྱི་ཐུགས་ཚབ་ངོས་ཀྱིས་བྱེད་བཞིན་ཡོད། དེར་བརྟེན་ང་ཚོ་ངོ་ཤེས། འབྲེལ་བ་ཆགས་ནས་ཡོད་པ་དེ་དག་ལ། ཁྱེད་ཚོ་གྲོངས་པའི་ཁ་ཐུག་དེར་ངོས་ཀྱིས་ཁ་བཏགས་ཞིག་འཁྱེར་ནས་འཕགས་པ་སྤྱན་རས་གཟིགས་ལ། མི་འདི་ངོས་རང་དང་ཐུན་མིན་འབྲེལ་བ་ཡོད། ཚེ་རབས་ནས་ཚེ་རབས་སྐྱབས་འཇུག་གནང་རོགས་གནང་ཞེས་ངོས་ཀྱིས་ཞུ་རྒྱུ་རེད།
ཤེས་སོང་ངམ། ཁྱེད་ཚོ་རྒས་པོ་རྒས་མོར་གྱུར་བ་ཚོ་བློ་བདེ་པོ་བྱོས། ང་ཚོ་བོད་མི་རིགས་ལ་སྐྱེས། སངས་རྒྱས་ཀྱི་བསྟན་པ་དང་མཇལ། དེ་འདྲ་བྱུང་བ་དེ་ཧ་ཅང་བསྐལ་བ་བཟང་པོ་ཡིན་བསམས་པ་བྱོས། མི་ཚེ་དོན་ལྡན་བསྐྱལ་ནས་འཆི་ཁ་དེར་འགྱོད་པ་རྩ་བ་ནས་མེད་པར་དགའ་ཞིང་སྤྲོ་ཞིང་། སྤོབས་པ་དང་བཅས་གྲོངས་ཐུབ་པ་ཞིག་ཡོང་རྒྱུ་རེད་”ཅེས་བཀའ་སློབ་གནང་། ན་གཞོན་ཚོས་བོད་ཡིག་སློབ་དགོས་སྐོར་དང་འབྲེལ་བཀའ་སློབ་གནང་དོན། “གསོན་པའི་རིང་འདིར་མི་རབས་གསར་པ་ཚོར་གང་ཐུབ་ཅི་ཐུབ་ཀྱིས་བོད་ཡིག་སློབ་རྒྱུ་ཐད་ལ་གཞན་སྐུལ་བྱོས། སློབ་གསོ་སྤྲོད་” ཅེས་བཀའ་སློབ་བསྩལ་བསྟུན་མཇལ་བཅར་ཚོའི་ཕ་ཡུལ་གང་ནས་ཡིན་མིན་འདྲི་བརྩད་མཛད་རྗེས་བཀའ་སློབ་མུ་མཐུད་བསྩལ་དོན། “ང་རང་ཨ་མདོ་སྐུ་འབུམ་ནས་རེད། པཎ་ཆེན་རིན་པོ་ཆེ་ཞིང་གཤེགས་ཁོང་ཡང་མདོ་སྨད་དུ་སྐུ་འཁྲུངས་པ་རེད། ངོས་རང་ཡང་མདོ་སྨད་དུ་སྐྱེས་པ་དེས་གང་ལྟར་ང་ཚོ་དུས་ཚོད་ཁག་པོ་དེའི་སྐབས་ང་ཚོ་བོད་རིགས་གཅིག་སྒྲིལ་བྱ་རྒྱུར་ཕན་ཐོགས་ཏན་ཏན་བྱུང་བ་ལྟ་བུ་ཞིག་འདུག དེང་སྐབས་ང་ཚོ་བོད་པ་འབུ་ཆེས་ཆུང་ཟོས་ཟེར་བ་ལྟར་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཀྱིས་མནན་ནས་ཡོད། འོན་ཀྱང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་འདི་རྒྱ་མི་རིགས་ཀྱི་ཆོས་དང་རིག་གཞུང་ལས་ལྷག་པ་མ་གཏོགས་སྐྱོ་བ་རྩ་བ་ནས་མེད། བོད་མིའི་ཁྲོད་ནས་ཕར་རྒྱ་མིའི་ཆོས་དང་རིག་གཞུང་ལ་སློབ་སྦྱོང་བྱེད་མཁན་གཅིག་ཀྱང་མེད། རྒྱ་མི་རིགས་ས་ཡ་མང་པོས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཚུར་ཞུགས་བཞིན་ཡོད། རྒྱ་མི་གཅིག་པུ་མིན། འཛམ་གླིང་གང་ས་ནས་བོད་ཀྱི་སངས་རྒྱས་པའི་ལྟ་གྲུབ་བཤད་ཡོང་སྐབས་ཚན་རིག་པ་ཚོ་ཡང་ངོ་མཚར་སྐྱེ་བཞིན་ཡོད། འདི་ཡོད་ཐག་ཆོད་རེད། དེར་བརྟེན་ང་ཚོ་བོད་མི་ཞིག་ཡིན་པའི་ངོས་ནས་སྤོབས་པ་བྱེད་ཆོག་པ་ཞིག་འདུག སྔར་རྒྱ་གར་དུ་ཐོག་མར་འབྱོར་མཚམས་དེར་བོད་པ་ཡིན་ཞེས་བརྗོད་སྐབས་ངོ་ཚ་ལྟ་བུ་བྱེད་ཀྱི་ཡོད། ལག་པར་ཕྲེང་བ་འཁྱེར་རྒྱུ་མི་བདེ་བ་བྱུང་བའི་་གནས་སྟངས་བྱུང་བ་རེད། དེ་ནས་རིམ་བཞིན་ནུབ་ཕྱོགས་ hippy ཟེར་བ་དེ་འདྲ་ཧ་ཅང་མང་པོས་བོད་པའི་ཆོས་ལ་དོ་སྣང་ཤུགས་ཆེ་བྱེད་སྐབས་བོད་མི་གཞོན་སྐྱེས་ཚོས་ཕྲེང་བ་བཏགས་པའི་གནས་སྟངས་ཆགས་པ་རེད། ( བཞད་མོ་བཞད།) སྔ་མོ་ང་ཚོས་ས་ཧེབ་ Sahib ཟེར་ནས་ཕྱི་གླིང་བ་ཚོར་ཧ་ཅང་ངོ་མཚར་སྐྱེ་ཡུལ་དེ་དག་གིས་ད་ཆ་བོད་ཀྱི་ནང་ཆོས་ལ་ཚུར་དོ་སྣང་བྱེད་བཞིན་ཡོད། ཚན་རིག་པ་སྙན་གྲགས་ཡོད་པ་དེ་དག་གིས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་ནས་སེམས་ཁམས་རིག་པ་དང་ཚད་མ་རིག་པ་དེ་ཚོའི་གྲས་ལ་སློབ་སྦྱོང་བྱ་རྒྱུར་དོ་སྣང་བྱེད་བཞིན་ཡོད། དེར་བརྟེན་ང་ཚོ་བོད་མི་རིགས་དུས་ཚོད་ཁག་པོ་དེའི་སྐབས་སུ་ང་ཚོས་མི་གོ་བཅད་ཡོད། འཛམ་གླིང་འདིའི་སྟེང་མི་རིགས་འདྲ་འདྲའི་ནང་ནས་སྤོབས་པ་བྱེད་འོས་པའི་མི་རིགས་ཤིག་ཏུ་གྱུར་ཡོད། རྒྱ་མི་རིགས་མང་པོ་ཞིག་གིས་ཀྱང་ང་ཚོར་དགའ་མོས་བྱེད་ཀྱི་ཡོད། ཆབ་སྲིད་ཀྱི་ཐོག་ནས་ང་ཚོས་ཁ་བྲལ་བྱས་ནས་རང་བཙན་དགོས་ཞེས་པའི་སྐད་ཆ་བཤད་ཀྱི་མེད། གང་ལྟར་ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེའི་ནང་དུ་ང་ཚོ་བསྡད་ནས་བོད་ནང་དཔལ་འབྱོར་འཛུགས་སྐུན་དེ་དག་རྒྱ་ནག་གིས་ཚུར་རོགས་བྱས། རྒྱ་ནག་ནང་དུ་ནང་ཆོས་དང་འབྲེལ་བའི་ཤེས་ཡོན་དེ་དག་ཐོག་ང་ཚོ་བོད་མིས་ཕར་སློབ་སྦྱོང་སྤྲོད་རྒྱུ་ཞིག་ཏན་ཏན་ཡོང་རྒྱུ་རེད། བློ་བདེ་པོ་བྱོས་”ཞེས་བཀའ་སློབ་བསྩལ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།