༧གོང་ས་མཆོག་གིས་ཡུ་ཁེ་རེན་དུ་ཞི་བདེའི་སླར་གསོ་ཡོང་བའི་གསུང་འཕྲིན་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་བསྩལ་བའི་ནང་ད་ལྟ་ཨུ་རུ་སུ་དང་ཡུ་ཁེ་རེན་གཉིས་བར་དམག་འཐབ་འབྱུང་བཞིན་པ་དེར་ཐུགས་ཕམ་བྱུང་སྐོར་དང་ཕྱོགས་གཉིས་བར་གྲོས་མོལ་གྱི་ལམ་ནས་ཞི་བདེ་སླར་གསོ་དགོས་སྐོར་གསུངས་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་བསྩལ་བའི་ནང་ད་ལྟ་ཨུ་རུ་སུ་དང་ཡུ་ཁེ་རེན་གཉིས་བར་དམག་འཐབ་འབྱུང་བཞིན་པ་དེར་ཐུགས་ཕམ་བྱུང་སྐོར་དང་ཕྱོགས་གཉིས་བར་གྲོས་མོལ་གྱི་ལམ་ནས་ཞི་བདེ་སླར་གསོ་དགོས་སྐོར་གསུངས་འདུག
ཟླ་འདིའི་ཚེས་༢༨ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་བསྩལ་བའི་ནང་། “ང་ཚོའི་འཛམ་གླིང་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་གནས་ཡོད་སྟབས། རྒྱལ་ཁབ་གཉིས་ཀྱི་བར་ལ་དམག་འཁྲུག་འབྱུང་བཞིན་པ་དེས་རྒྱལ་ཁབ་གཞན་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱི་ཡོད། དམག་འཁྲུག་གི་དུས་ཚོད་ནི་ཡོལ་ཟིན་པ་ཡིན་སྟབས། ཐབས་ལམ་ཡག་ཤོས་ནི་འཚེ་བ་མེད་པ་ཡིན་པས། ང་ཚོས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་བཟུང་ནས་འགྲོ་དགོས་པ་དང་འགྲོ་བ་གཞན་རྣམས་ཕན་ཚུན་གཅེན་གཅུང་གི་བསམ་བློ་དགོས་པ་དང་། དེ་ལྟར་བྱས་ཚེ། ང་ཚོས་འཛམ་གླིང་ཞི་བདེ་སྐྲུན་ཐུབ། དེ་བཞིན་དཀའ་རྙོག་དང་ཕན་ཚུན་བར་བློ་ཁ་མི་མཐུན་པའི་གནད་དོན་ཁག་སེལ་ཐབས་སུ་ཐབས་ལམ་ཡག་ཤོས་ནི་གྲོས་མོལ་ཡིན་པ་དང་། ཕན་ཚུན་བར་ཁ་ཡོད་ལག་ཡོད་ཀྱི་ཞི་བདེ་ཞིག་དགོས་ན་ཕྱོགས་གཉིས་བར་གྱི་བདེ་སྡུག་ཆེད་བསམ་ཤེས་དང་རྩི་མཐོང་བྱེད་དགོས་”ཞེས་གསུངས་འདུག
གསུང་འཕྲིན་ནང་མུ་མཐུད་འཁོད་དོན། “དུས་རབས་ཉི་ཤུ་ནི་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཡིན། འོན་ཀྱང་དུས་རབས་༢༡ དེ་ནི་ཕན་ཚུན་གྲོས་མོལ་གྱི་དུས་རབས་ཤིག་ཡིན་དགོས་པས། ང་ཚོས་ནམ་ཡང་རེ་བ་བརླག་རྒྱུ་མེད་ལ། ངོས་ནས་ཡུ་ཁེ་རེན་ལ་མགྱོགས་མྱུར་ཞི་བདེའི་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད་ཅེས་”གསུངས་འདུག
དེ་བཞིན་གནད་དོན་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་སྤྱི་ཚོགས་དྲ་ལམ་ཀྲུལ་ཌར་ཐོག་གནས་ཚུལ་སྤེལ་བའི་ནང་། བོད་པའི་བཤད་སྲོལ་ལ་འབུ་ཆེ་བས་ཆུང་བ་ཟོས་ཞེས་པ་ལྟར། ཡུ་ཁེ་རེན་དུ་བཙན་འཛུལ་བྱེད་བཞིན་པ་དེས་ང་ཚོར་ཕྱི་ལོ་༡༩༥༠ བཙན་འཛུལ་བྱས་པ་དྲན་གསོ་བཏང་སོང་། དེང་དུས་ཀྱི་འཛམ་གླིང་ནང་དྲག་པོའི་དམག་འཁྲུག་བྱེད་པ་ནི་མི་སྤྱོད་འགལ་བ་དང་དུས་ལ་མི་འཚམས་པ་ཞིག་ཡིན་པས། ཡུ་ཁེ་རེན་དུ་ཞི་བདེ་སླར་གསོ་དགོས་སྐོར་གསུངས་འདུག །
གསར་འགོད་པ། ཆོས་གྲགས།
མ་ཡིག་དབྱིན་ཡིག་ལ་གཞི་འཛིན་དགོས།https://www.dalailama.com/news/2022/hope-for-dialogue-to-restore-pease-in-ukraine