༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་གྷོ་བ་མཐོ་སློབ་ཀྱི་དགེ་སློབ་ལ་བཀའ་སློབ་བསྩལ།

ཟླ་འདིའི་ཚེས་༡༡ ཉིན་༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་གྷོ་བ་མཐོ་སློབ་Kala Academy ཞེས་པའི་རིག་གཞུང་བསྟི་གནས་ཁང་དུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལས་དེང་དུས་དང་འབྲེལ་ཡོད་སྐོར་ལ་བཀའ་སློབ་བསྩལ་འདུག

ཟླ་འདིའི་ཚེས་༡༡ ཉིན་༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་གྷོ་བ་མཐོ་སློབ་Kala Academy ཞེས་པའི་རིག་གཞུང་བསྟི་གནས་ཁང་དུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལས་དེང་དུས་དང་འབྲེལ་ཡོད་སྐོར་ལ་བཀའ་སློབ་བསྩལ་འདུག

༸གོང་ས་མཆོག་གིས་སེམས་པ་བཟང་པོ་དགོས་སྐོར་ལ་བཀའ་སློབ་བསྩལ་དོན། “འཛམ་གླིང་ནང་གི་འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་པ་རྣམས་སྤུན་མཆེད་ཕོ་མོ་ཡིན། ང་ཚོ་ཐོག་མར་མའི་མངལ་ནས་སྐྱེ་ཚུལ་དང་།  མཐར་འཆི་སྟངས་ཚང་མ་གཅིག་པ་རེད། འཚོ་བའི་རིང་དེར་སེམས་པ་བཟང་པོ་བྱ་རྒྱུ་དེ་གལ་ཆེ་ཤོས་རེད།  སེམས་པ་བཟང་པོ་ཞིག་བྱོས་དང་སེམས་ནང་སྙིང་སྟོབས་དེས་འཕེལ་ཐུབ།  སྤྱི་ཚོགས་ནང་ཞི་བདེའི་ཁོར་ཡུག་དེས་བསྐྲུན་ཐུབ། དོན་དམ་བདེ་སྐྱིད་ཀྱི་འབྱུང་ཁུངས་དེ་ང་རང་ཚོའི་སེམས་རྒྱུད་དུལ་མིན་ལ་རག་ལས་ཡོད་པ་མ་གཏོགས་ཕྱི་དངོས་པོའི་དངུལ་དང་སྙན་གྲགས་སོགས་ལས་དོན་དམ་བདེ་སྐྱིད་སྐྲུན་ཐུབ་རྒྱུ་མ་རེད། ང་ཚོས་དུས་རྟག་ཏུ་འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་པ་ཐམས་ཅད་མི་གཅིག་གྱུར་ཡིན་བསམ་པའི་འདུ་ཤེས་རྒྱུན་འཛིན་བྱེད་དགོས་པ་བརྗོད་ཀྱི་ཡོད། ཆོས་ལུགས་དང་རྒྱལ་ཁབ། ཤ་མདོག དབུལ་ཕྱུག་སོགས་ཁྱད་པར་དེ་དག་རིམ་པ་གཉིས་པའི་གནས་སྟངས་རེད། གཞི་རྩའི་ཆ་ནས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་རེད་”ཅེས་བཀའ་སློབ་གནང་།

༧གོང་ས་མཆོག་གིས་ཁོང་གི་འགན་ཁུར་སྐོར་དང་འབྲེལ་ནས་བཀའ་སློབ་གནང་དོན། “དེང་སྐབས་ངོས་ལ་འགན་ཁུར་གཙོ་བོ་བཞི་ཡོད། དང་པོ་དེར་འགྲོ་བ་མིའི་བཟང་སྤྱོད་གོང་མཐོར་གཏོང་རྒྱུ་དང་། དེའང་ཚན་རིག་པའི་གྲུབ་དོན་ལ་གཞི་བཅོལ་ནས་འགྲོ་བཞིན་ཡོད། ཚན་རིག་པ་མང་པོ་ཞིག་གིས་ཡང་ཡང་ཁོང་ཁྲོ་ལངས་པ་དང་། ཆགས་སྡང་གི་བསམ་བློ་དེས་མིའི་ནད་འགོག་བྱེད་ཀྱི་ལུས་པོའི་ཟུངས་ཤུགས་ཉམས་པ་བརྗོད་ཀྱི་ཡོད།  འགྲོ་བ་མིའི་རིགས་ནི་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཡིན་སྟབས་གཞི་རྩའི་ལྷན་སྐྱེས་བྱམས་བརྩེའི་རང་བཞིན་ཡིན་པ་བརྗོད་ཀྱི་ཡོད། ང་ཚོས་རེ་བ་རྒྱག་ས་དེ་རེད།  བྱམས་བརྩེའི་བློ་སྐྱེ་བར་དད་པ་ཙམ་ལ་མ་བརྟེན་པར་ཤེས་རབ་ཀྱི་གྲོགས་དང་བཅས་པ་དགོས། གོང་དུ་བརྗོད་པ་ལྟར་ཚན་རིག་པ་མང་པོས་མིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེ་ལྡན་པ་ཡིན་པ་བརྗོད་ཀྱི་ཡོད། ང་ཚོས་སྐྱེ་བ་ཕྱི་མ་དང་ལྷ་ཡུལ། ཐར་པའི་གོ་འཕང་སྐོར་བཤད་ཀྱི་མེད།  ཚང་མས་ཉིན་རེའི་མི་ཚེའི་ནང་བདེ་སྐྱིད་འདོད་པ་རེད།  སེམས་པ་བཟང་པོ་བྱོས་དང་བདེ་སྐྱིད་ཀྱི་རྩ་བ་དེ་རེད།   ཇི་ཙམ་སེམས་པ་བཟང་པོ་བྱས་པ་དེ་ཚོད་ཀྱིས་མི་དེར་རེ་དོགས་ཀྱི་བསམ་བློ་དང་།  སེམས་ནང་དངངས་སྐྲག  གཞན་ལ་ཆགས་སྡང་གི་བློ་ཤུགས་ཆུང་དུ་འགྲོ་རྒྱུ་རེད་”ཅེས་བཀའ་སློབ་གནང་།

༧གོང་ས་མཆོག་གིས་ཤེེས་ཡོན་ལམ་ལུགས་དང་འབྲེལ་ནས་བཀའ་སློབ་གནང་དོན། “ད་ཆ་དེང་དུས་ཤེས་ཡོན་ལམ་ལུགས་ནང་དུ་ནང་གི་བསམ་བློ་ཇེ་བཟང་དུ་གཏོང་ཐབས་ཐོག་སློབ་གསོ་སྤྲད་དགོས། རྒྱ་གར་ནང་ལ་མཚོན་ན་ལོ་ངོ་ ༣༠༠༠ གོང་ནས་སྙིང་རྗེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་ཉམས་བཞེས་གནང་སྲོལ་དར་ཡོད། རྒྱ་གར་ཨིན་ཇིའི་འོག་ལ་ཡོད་སྐབས་དེང་དུས་ཤེས་ཡོན་ལམ་ལུགས་གཏན་འབེབས་བྱས་པ་རེད། ཧ་ཅང་ཡག་པོ་རེད།  འོན་ཀྱང་ཨིན་ཇིའི་ལམ་ལུགས་ནང་བསམ་བློ་ཇེ་བཟང་དུ་གཏོང་ཐབས་དང་། ཆགས་སྡང་གི་བློར་གཉེན་པོ་ཇི་ལྟར་བསྟེན་དགོས་མིན་ཐོག་གང་ཡང་བཤད་རྒྱུ་མེད། གཙོ་ཆེར་དད་པ་རྐྱང་རྐྱང་བྱས་ནས་འགྲོ་བ་རེད། ཕ་མེས་ནས་ཡེ་ཤུ་དང་ཇིའུ་ཆོས་ལུགས་རེད།  དད་པ་ཙམ་བྱས་ནས་ཕྱིན་པ་ཡིན་ན་དེས་ལྡེང་ངེས་ཤིག་མེད། བྱམས་བརྩེའི་བློ་སྐྱེ་བར་དད་པ་ཙམ་ལ་བརྟེན་ནས་ཡོང་ཐབས་མེད།  མིའི་རྣམ་དཔྱོད་ཤེས་རབ་ལ་ངེས་པར་བརྟེན་དགོས་”ཞེས་དང་། ཆོས་ལུགས་མཐུན་སྒྲིལ་སྐོར་དང་།  བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པ་དང་ཚད་མ་རིག་པ་སོགས་དཔལ་ནཱ་ལེནྜ་ནས་དར་བའི་ལེགས་བཤད་དེ་དག་རྒྱ་གར་ནང་བསྐྱར་གསོ་ཡོང་ཐབས་མཛད་བཞིན་པའི་སྐོར་ལ་བཀའ་སློབ་གནང་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།