༧གོང་ས་མཆོག་གིས་སྐྱ་སེར་ཁྱད་པར་མེད་པར་དཔེ་ཆར་ལྟ་དགོས་སྐོར་གསུངས་སོང་།
ཟླ་འདིའི་ཚེས་༡ ཉིན་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་གཙོ་བོར་དམིགས་ནས། སྤྱན་རས་གཟིགས་ཀྱི་བཀའ་དབང་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་གསུང་ཆོས་གནང་སོང་།
ཟླ་འདིའི་ཚེས་༡ ཉིན་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་གཙོ་བོར་དམིགས་ནས། སྤྱན་རས་གཟིགས་ཀྱི་བཀའ་དབང་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་གསུང་ཆོས་གནང་སོང་།
༧གོང་ས་མཆོག་གིས་གསུང་ཆོས་སྔོན་འགྲོའི་སྐབས་ནང་ཆོས་དེ་བོད་ཡིག་ནང་བསྒྱུར་ཡོད་པའི་གལ་ཆེའི་སྐོར་བཀའ་སློབ་གནང་དོན། “བཅོམ་ལྡན་འདས་ཀྱིས་ལྟ་གྲུབ་སྐོར་ལ་གསུང་པ་དེ་དག་ཚད་མའི་ལམ་ནས་རིག་པའི་ལམ་ནས་གཏན་ལ་ཕབ་པ་ཞིག་ཆགས་སྡོད་ཡོད་རེད། བཅོམ་ལྡན་འདས་ཀྱི་དགོངས་པ་ཞིབ་ཚགས་པོའི་ཐོག་དཔྱད་མཁན་དེ་ཀླུ་སྒྲུབ་ཡབ་སྲས་རེད། ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་དེ་ཚོས་རྟེན་འབྱུང་རྒྱུ་མཚན་དུ་བྱས་ནས་ངོ་བོ་ཉིད་ཀྱི་མ་གྲུབ་དེ་གྲུབ་ཡོང་གི་འདུག།རབ་བྱེད་དང་པོ་གཉིས་པ་སོགས་ས་བཅད་དེ་དག་ཞེ་དྲག་རེད་འདུག བཅོམ་ལྡན་འདས་སྐུ་ངོ་མ་མཇལ་ནས་བདག་མེད་པའི་ལྟ་བའི་ཆོས་དེ་རྟེན་འབྱུང་གི་དེ་ཁོ་ན་ཉིད་ང་ཚོས་ཐོས་ཡོད་མ་རེད་དེ། ཁོང་གི་ལེགས་བཤད་གསུངས་བཞག་པ་དེ་དག ང་ཚོ་བོད་ཡིག་ལ་ཆ་བཞག་ན་བཀའ་འགྱུར་པོ་ཏི་བརྒྱ་ཡོད་རེད། བསྟན་འགྱུར་པོ་ཏི་ཉིས་བརྒྱ་ཙམ་ཡོད་རེད། ཁྱོན་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ཙམ་ཡོད་པ་དེ་དག་བཅོམ་ལྡན་འདས་ཁོ་རང་གི་གསུང་དང་ཀླུ་སྒྲུབ་ཡབ་སྲས་ཀྱི་གསུང་དེ་དག་བོད་ཡིག་ནང་བསྒྱུར་བ་དེ་རྩ་ཆེན་པོ་རེད་འདུག ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ནག་ནས་རྒྱ་བཟའ་ གདན་དྲངས་ཡོད་རེད། ཡིན་ནའང་ང་རང་ཚོ་བོད་པ་ཡིན་པའི་ཆ་ནས་ང་ཚོ་ལ་བོད་ཡིག་དགོས་ཀྱི་འདུག རྒྱ་ཡིག་གིས་འགྲིག་གི་མི་འདུག་ཟེར་ནས། བོད་ཡིག་བཟོས། སོ་སོ་ལ་བོད་ཡིག་ཅིག་ཡོད་པ་ཡིན་དུས། ཁྲི་སྲོང་ལྡེ་བཙན་སྐབས་སུ་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་ཡོང་དུས་ཁྱེད་རང་ཚོ་ལ་བོད་ཡིག་འདུག་པས་དཔེ་ཆ་བསྒྱུར་རྒྱུ་མ་གཏོགས་ཡི་གེ་ གསར་པ་བཟོ་དགོས་ཀྱི་མི་འདུག་གསུངས་ནས། བསམ་གྱི་མི་ཁྱབ་པར་བཀའ་དྲིན་ཆེན་པོ་རེད། ངས་ནམ་རྒྱུན་དེ་བཤད་སྡོད་ཀྱི་ཡོད། སློབ་དཔོན་ཀརྨ་ལེགས་བཤད་མཁན་ཆེན་ཞི་བ་འཚོའི་དགེ་ཕྲུག་རེད། ཁོང་བོད་ལ་ཡར་གདན་ཞུ་གནང་དུས་རྒྱ་ནག་གི་སྒོམ་ཆེན་པ་དེ་འདྲ་མང་པོ་ཡོད་རེད། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དཀྱིལ་དུ་བཞུགས། རྒྱ་མི་སྒོམ་ཆེན་པ་ཚོ་ཕྱོགས་གཅིག་ལ་བཞུགས། སློབ་དཔོན་ཀརྨ་ལེགས་བཤད་ཕྱོགས་གཅིག་ལ་བཞུགས་ནས། བགྲོ་གླེང་གནང་བ་རེད། རྒྱ་མི་སྒོམ་ཆེན་པ་ཚོར་སྒོམ་རྒྱག་རྒྱུ་ཁོ་ན་མ་གཏོགས་ཞེ་བོ་བཤད་རྒྱུ་མེད་པ་རེད། ཀརྨ་ལེགས་བཤད་དབུ་མ་པ་རེད། ཚད་མ་པ་རེད། མཁས་པ་ཞེ་དྲག་རེད། བགྲོ་གླེང་གནང་ནས་རྩོད་པ་རྩོད་ཡོང་དུས་རྒྱ་ཡི་སྒོམ་ཆེན་པ་ཚོ་ཕམ་པ་རེད། དེ་ནས་ཆོས་རྒྱལ་གྱིས་རྒྱ་ཡི་སྒོམ་ཆེན་པ་ཚོ་རྒྱ་ཡི་ཡུལ་དུ་མར་ཕེབས་ན་འགྲིག་ཀྱི་འདུག་ཟེར་ནས། ང་ཚོ་བོད་པ་ཚོ་སློབ་དཔོན་ཀརྨ་ལེགས་བཤད་ནས་དཔལ་ནཱ་ལནྡའི་ཆོས་བརྒྱུད་རིག་པ་བཏང་ནས་དཔྱད་པ་བྱེད་རྒྱུ་དེ་ང་ཚོ་ལ་རན་པ་འདུག་ཟེར་ནས། རྒྱ་ཡི་མཁན་པོ་ཚོ་རྒྱ་ནག་ལ་མར་ཕེབས་པ་རེད། ང་ཚོ་བོད་པ་རང་གིས་བཀའ་འགྱུར་བསྟན་སློབ་སྦྱོང་བྱས་ནས། དེ་སྔ་ཡིན་ན་བོད་ལ་དཔེ་ཆ་ལྟ་མཁན་ཚོའི་གྲས་ཀྱིས་ཉུང་མཐའ་ལ་ལོ་སུམ་ཅུར་དཔེ་ཆ་ལྟ་ཡི་ཡོད་རེད། དེ་རིང་ཁ་སང་ང་ཚོ་རྒྱ་གར་ལ་ཡོང་དུས་བོད་ཀྱི་མཁས་པ་ནང་བཞིན་གཏིང་ཟབ་མོ་ཡོད་སྡོད་མཁན་ཧ་ལམ་མི་འདུག ནང་པའི་ལུང་པ་མང་པོ་ཡོད་རེད། ང་ཚོས་སྐད་ཆ་བཤད། བགྲོ་གླེང་བྱེད་པའི་སྐབས་སུ་བོད་པའི་ནང་པ་ཚོས་ལོ་མང་པོ་དཔེ་ཆ་བལྟས་ཡོད་དུས་གཞན་དང་མི་འདྲ་བ་ཞིག་འདུག ངས་ཀྱང་ཕལ་ཆེར་ལོ་དྲུག་བདུན་ནས་དཔེ་ཆར་བལྟས། བློ་རིག་དང་རྟགས་རིག་དེ་ཚོར་བལྟས། ལོ་བཅུ་གྲངས་ནས་རྟགས་གསལ་སློབ་པ་རེད། དེ་དུས་རྩེད་མོ་རྩེ་རྒྱུ་ཁོ་རང་ལས་དཔེ་ཆ་བསླབ་རྒྱུ་ལ་དོ་སྣང་ཅི་མེད། ག་ལེར་ལྟ་ཡོང་དུས་དེ་སྔ་དཔེ་ཆ་བསླབས་པ་དེ་ཞེ་དྲག་བཀའ་དྲིན་ཆེན་མོ། རྐང་དཔེ་ཆ་ཁྲིད་མཁན་དེ་གླིང་རིན་པོ་ཆེ་རེད། བཀའ་དྲིན་ཆེན་པོ་ཡིན།ང་ཚོ་བོད་ལ་སློབ་སྦྱོང་གཏིང་ཟབ་མོ་དེ་འདྲ་ཡོད་སྡོད་པ་དེ་ཕལ་ཆེ་འཛམ་བུ་གླིང་གི་ལུང་པ་ག་ས་ག་ལ་ཧ་ལམ་མེད་པའི་བཟོ་འདྲ་རེད། བོད་གཅིག་པུ་རེད་འདུག དེ་རིང་ཁ་སང་ཡིན་ཡང་ང་ཚོ་བཙན་བྱོལ་བ་བྱས་ནས་སྡོད་ཡོད་རེད་དེ། ཡིན་ནའང་། རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་གདན་ས་ཁག་ཏུ་དཔེ་ཆར་ལྟ་རྒྱུ་དེ་ཚོ་ཡག་པོ་ཞེ་དྲག་འདུག དེ་རིང་ཁ་སང་ཚན་རིག་པའི་ནང་ནས་སེམས་ཁམས་རིག་པའི་སྐོར་བཤད་དུས། བོད་ཀྱི་མཁས་པར་གཏུགས་རྒྱུ་དེ་དགའ་པོ་ཞེ་དྲག་བྱེད་ཀྱི་འདུག སེམས་ཁམས་རིག་པ་ང་ཚོས་ཤེས་པ་ནང་བཞིན་པ་ལི་གཞུང་དེ་ཚོའི་ནང་དུ་ཡང་ཡོད་མ་རེད། གང་ལྟར་ང་རང་ཚོ་བོད་ཡིག་གི་གཞུང་དེ་དག་ཡག་པོ་རེད་འདུག དེར་བརྟེན་ངས་རྩེད་མོ་རྩེ་ཞོར་དུ་དཔེ་ཆ་ཏོག་ཙམ་ཀློག དེ་ནས་མཚན་ཞབས་ཚོ་དང་རྟགས་གསལ་ཏོག་ཙམ་བཏང། ངས་དཔེ་ཆ་ཏོག་ཙམ་ཤེས་པ་ན་དེ་འདྲ་བྱུང་བ་རེད་”ཅེས་མཚན་ཞབས་ཚོས་རྟགས་གསལ་བསླབས་པའི་སྐོར་དང་། མཚན་ཉིན་དེ་གལ་ཆེན་ཡིན་སྐོར་གྱི་བཀའ་སློབ་གནང་སོང་།
༧གོང་ས་མཆོག་གིས་ནང་ཆོས་དང་སེམས་ཁམས་རིག་པ། ཚན་རིག་བཅས་དང་འབྲེལ་ནས་བཀའ་སློབ་གནང་དོན། “སེམས་ཁམས་རིག་པའི་སྐོར་དང་ཚན་རིག་དང་རིག་པས་དེ་འདྲ་རྟགས་དཔྱད་བྱེད་རྒྱུ་ཤེས་དུས་ངའི་གླད་པ་དེ་སྐྱོ་བོ་ཁྱོན་ནས་མི་འདུག སློབ་སྦྱོང་བྱས་པ་རེད་པ། ཞེ་དྲག་ཁྱད་པར་འདུག དེ་འདྲའི་རྙོག་དྲ་ཚ་བོའི་སྐོར་ལ་བསླེབ་དུས་སྐྱབས་སུ་མཆི་ཟེར་ནས་འདུག་རྒྱུ་མིན་པར་བསམ་བློ་བཏང་། རྒྱུ་མཚན་བཀོད་ནས་བཤད་རྒྱུ་དེ་ང་ཨོ་ཙམ་ཡོད་རེད་གདའ།ཁྱེད་རང་ཚོ་བོད་པའི་ཕྲུ་གུ་ཚོ་ཡང་། ཡིན་གཅིག་གྲྭ་པ་བྱེད་དགོས་མ་རེད། སྐྱ་སེར་ཁྱད་ཡོད་པ་མ་རེད། དཔེ་ཆ་ཏོག་ཙམ་ལྟོས། ང་ཚོ་སྟོན་པའི་རྗེས་འབྲངས་རེད། རྒྱལ་དབང་སྐུ་ཕྲེང་རིམ་བྱིན་གྱི་སློབ་མ་ཆགས་སྡོད་ཀྱི་ཡོད་རེད། དཔེ་ཆ་ལྟ་ རྒྱུ་དེ་དཔེ་གལ་ཆེན་པོ་འདུག ཁྱེད་རང་ཚོས་ག་ཚོད་ཐུབ་ཐུབ་སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་དཔེ་ཆའི་སྐོར་ལ་མང་ཙམ་ལྟོས། ང་ཚོ་ལ་ཆོས་དགེ་ཡོད་རེད། ཆོས་དགེ་ཚོས་ཀྱང་དཔེ་ཆ་ཧུར་ཐག་བྱས་ནས་ཁྲིད་རྒྱུ། ང་སྔོན་རྒྱ་གར་ལ་བསླེབ་གྲབས་དེར། ང་ཚོ་བོད་པ་ལ་བོད་ཡིག་ཡོད་རེད། དེ་འདྲ་ཡིན་དུས་ང་ཚོ་བོད་པའི་སློབ་གྲྭའི་ནང་དུ་བོད་ཡིག་ཡིན་གཅིག་སློབ་དགོས་འདུག་ཅེས་ནེ་རུ་ལ་ཞུ་དུས། ཁོང་གིས་རྒྱབ་སྐྱོར་གཙང་མ་གནང་བྱུང་། རྒྱ་གར་ཤེས་རིག་གི་བློན་ཆེན་ཡོད་སའི་ཁ་ལག་ཟ་བའི་སྐབས་ལ་ཡང་ནེ་རུ་ཡིས་བོད་པའི་ཕྲུ་གུ་ཚོ་ལ་བོད་ཡིག་ཡིན་ཅིག་སློབ་དགོས་རེད་ཅེས་གསལ་པོ་གསུང་སོང་། ང་ཚོ་བོད་པ་དེར་ཆོས་རྒྱལ་ཚོ་ནས་མར་བསམ་བློ་བཏང་ན། ང་ཚོ་མི་རིགས་རླབས་ཆེན་ཞིག་རེད་འདུག དཔེ་ཆ་བལྟས་པའི་དགེ་བཤེས་ཚོ་ཧ་ལས་པ་མཁས་པ་རེད། ང་ཡང་དགེ་བཤེས་ཤིག་ཡིན་པའི་སྐད་ཆ་རེད། ང་ཚོ་བོད་ཀྱི་རིག་གཞུང་། གཙོ་བོ་དཔལ་ནཱ་ལནྡྲའི་ཆོས་བརྒྱུད་ཀྱི་ལྟ་གྲུབ་ཀྱི་སྐོར། དེའི་འབྲེལ་ནས་ཚན་རིག་དང་ག་ས་ག་ལ་རིག་པས་དཔྱད་པ་བྱེད་རྒྱུ་ཞིག་ཡོང་གི་ཡོད་པས། ཚན་རིག་པ་མཁས་པ་དེ་འདྲ་དང་ང་མང་པོ་ཐུག་གི་ཡོད་རེད། ང་ཚོས་རིག་པའི་ཐོག་ནས་དཔྱད་ཡོང་དུས་འགལ་འདུ་དེ་འདྲ་ཡོང་དུས། དེ་ཡིན་ན་དེ་ཡིན་དགོས་རེད་ཟེར་དུས། ཁ་རོགས་སྡོད་ཀྱི་འདུག ང་ཚོའི་རིག་པ་དེ་ཞེ་བོ་རེད་འདུག ང་ཚོ་བོད་པའི་ཕྲུ་གུ་ཚོས་ཀྱང་ཡིན་གཅིག་མིན་གཅིག་ཚད་མ་རིག་པའི་འགྲོ་སྟངས་དེ་ལ་དོ་སྣང་བྱེད་དགོས་རེད། ཤེས་སོང་ངམ། རིག་ལམ་ཐོག་ལ་སྐད་ཆ་བཤད་དུས། ཆོས་དད་ཀྱི་སྐད་ཆ་མ་རེད། ཆོས་དད་མེད་མཁན་ཞིག་ཡིན་ནའང་དེ་ཡིན་ཅིག་ཤེས་དགོས་རྒྱུ་རེད་འདུག སོ་སོའི་མི་ཚེ་སྐྱེལ་བའི་ལས་ཀའི་ཐོག་ལ་ཡང་མཚན་ཉིད་རིག་པ་དེ་ཞེ་དྲག་ཕན་ཐོགས་ཡོད་རེད། དེ་ཁྱེད་རང་ཚོའི་སེམས་ལ་ངེས་པ་གྱིས། ཡིན་གཅིག་མིན་གཅིག་ཆོས་པ་ཡིན་དགོས་མ་རེད། ནང་པ་ཡིན་དགོས་མ་རེད། གང་ལྟར་ཆོས་མེད་མཁན་ཞིག་ཡིན་ན་ཡང་། རིག་ལམ་གྱི་འགྲོ་སྟངས་དེ་བསླབ་པ་ཡིན་ན་ཞེ་དྲག་ཕན་ཐོགས་ཡོད་རེད་” ཅེས་བཀའ་སློབ་བསྩལ་སོང་།།
གསར་འགོད་པ་བློ་བཟང་རྒྱ་མཚོ།