༧གོང་ས་མཆོག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་དང་བཀའ་བློན་གསར་པ་གསུམ་ལ་དམིགས་བསལ་མཇལ་ཁ་གནང་།
དེ་རིང་ཕྱི་ལོ་༢༠༢༡ ཟླ་༡༡ ཚེས་༡༩ ཉིན་གྱི་སྔ་དྲོར་༸གོང་ས་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་དེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་འགོ་ཁྲིད་པའི་བཀའ་ཤག་སྐབས་༡༦ པའི་བཀའ་བློན་རྣམ་པར་མཇལ་ཁ་དང་བཀའ་སློབ་ལམ་སྟོན་གནང་འདུག
དེ་རིང་མཇལ་ཁའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། སྲིད་སྐྱོང་དང་བཀའ་བློན་རྣམ་པས་༧རིན་པོ་ཆེ་མཆོག་ལ་ལས་བསྡོམས་སྙིང་བསྡུས་དང་། མ་འོངས་ལས་འཆར་སྐོར་སྙིང་བསྡུས་རེ་སྙན་སེང་ཞུས་པ་དང་སྦྲགས། སྐབས་བཅུ་དྲུག་པའི་བཀའ་ཤག་“ངོས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཞག་ཐོག་ཤར་སྐྱོད་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་སྙན་སེང་ཞུས་”ཡོད་འདུག
དྲ་ཐོག་གི་མཇལ་ཁ་དེའི་སྐབས། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་སྲིད་སྐྱོང་དང་བཀའ་བློན་རྣམ་པར་བོད་ཀྱི་གཅེས་ནོར་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དགོས་པ་དང་། ལྷག་པར་མགོན་པོ་གང་ཉིད་ནས་གོ་ལ་སྤྱི་ལ་ཕན་པའི་ཐུགས་ཁུར་རྒྱ་ཆེ་མཛད་བཞིན་ཡོད་པས། ཚང་མས་དོ་སྣང་དང་ཧུར་སྐྱེད་གནང་དགོས་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་མཛད་འདུག
ཉེ་ཆར་གསར་དུ་དམ་འབུལ་ཞུས་པའི་ཐར་ལམ་སྒྲོན་མས་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་དང་། རྒྱ་རི་སྒྲོམ་མས་བདེ་སྲུང་ལས་ཁུངས་ཀྱི་བཀའ་བློན། ནོར་འཛིན་སྒྲོལ་མས་ཕྱི་དྲིལ་ལས་ཁུངས་ཀྱི་བཀའ་བློན་གནང་བཞིན་ཡོད་དང་། ལྷག་མའི་ལྷན་ཁང་བཞི་སྟེ། ཆོས་རིག་ལས་ཁུངས་དང་། ནང་སྲིད་ལས་ཁུངས། དཔལ་འབྱོར་ལས་ཁུངས། འཕྲོད་བསྟེན་ལས་ཁུངས་བཅས་ཀྱི་བཀའ་བློན་གྱི་ལས་འགན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གཅིག་ལྕོགས་གནང་མུས་སུ་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།