༧གོང་ས་མཆོག་གིས་ཨོ་སི་ཀྲོ་ལི་ཡར་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག 

ཟླ་༡ པའི་ཚེས་༨ རེས་གཟའ་ལྷག་པའི་ཉིན་༧གོང་ས་མཆོག་གིས་མེ་སྐྱོན་ཚབས་ཆེན་འབྱུང་བཞིན་པར་ཨོ་སི་ཀྲོ་ལི་ཡ་རྒྱལ་ཁབ་ཀྱི་སྲིད་བློན་སྐུ་སི་ཀོཌ་མོ་རི་སོན་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག

ཟླ་༡ པའི་ཚེས་༨ རེས་གཟའ་ལྷག་པའི་ཉིན་༧གོང་ས་མཆོག་གིས་མེ་སྐྱོན་ཚབས་ཆེན་འབྱུང་བཞིན་པར་ཨོ་སི་ཀྲོ་ལི་ཡ་རྒྱལ་ཁབ་ཀྱི་སྲིད་བློན་སྐུ་སི་ཀོཌ་མོ་རི་སོན་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག

“ངོས་ཀྱིས་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་མཆོག་གིས་གཙོས་ས་གནས་ཀྱི་མི་མང་ཡོངས་ལ་ཐེངས་འདིའི་ནགས་ཚལ་ལ་མེ་སྐྱོན་ཤོར་བའི་རྐྱེན་གྱིས་ས་གནས་ཀྱི་ཡུལ་ལྗོངས་མཛེས་པོ་དེ་དག་རྩ་གཏོར་ཆེན་པོ་བྱུང་བར་གདུང་སེམས་མཉམ་བསྐྱེད་ཡོད།
ཨོ་སི་ཀྲོ་ལི་ཡའི་ནང་མེ་སྐྱོན་ཆེན་པོ་བྱུང་བར་སེམས་འཚབ་སྐྱེ་དགོས་པ་ཞིག་ཡིན་ཡང་། སྐབས་དེར་ས་གནས་མང་ཚོགས་ནས་དང་བླངས་ཐོག་བློ་ཁོག་ཆེན་པོས་མེ་གསོད་ཀྱི་ལས་དོན་ཐོག་མཉམ་ཞུགས་གནང་བ་ནི་སེམས་ཤུགས་སྐྱེ་འོས་པ་ཞིག་རེད།

ནགས་ཚལ་མེ་སྐྱོན་རྐྱེན་གྱིས་འདས་གྲོངས་སུ་གྱུར་བའི་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་དང་། རྒྱུ་དངོས་སོགས་ལ་མེ་སྐྱོན་གྱིས་གནོད་འཚེ་ཕོག་སྟེ་ཆགས་ས་རྟེན་ས་མེད་པའི་མི་མང་བཅས་ཡོངས་ལ་ངོས་ཀྱིས་གདུང་སེམས་མཉམ་བསྐྱེད་ཞུ་ཡི་ཡོད། མེ་སྐྱོན་རྐྱེན་པས་བྱ་བྱིའུ་དང་སེམས་ཅན་ཧ་ཅང་མང་པོ་ཞིག་ཚེ་སྲོག་ཤོར་བ་ནི་ཧ་ཅང་ཛ་དྲག་པོའི་གནས་སྟངས་ཤིག་ཡིན། དུས་ཚོད་དེ་དང་བསྟུན། ངོས་ཀྱིས་སྐུ་ཉིད་ཀྱི་གཞུང་དང་། མངའ་སྡེ་དང་ས་གནས་གཞུང་བཅས་ནས་མེ་སྐྱོན་གྱིས་གནོད་འཚེ་ཕོག་པ་རྣམས་ལ་དུས་ཐོག་མཐུན་འགྱུར་རོགས་རམ་གནང་བར་ཡི་རངས་བསྔགས་བརྗོད་ཞུ་ཡི་ཡོད།
ཕྱོགས་མཚུངས་རྒྱལ་སྤྱིའི་སྤྱི་ཚོགས་ནས་མེ་སྐྱོན་གྱིས་གནོད་འཚེ་ཕོག་མཁན་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་སྟེ་གདུང་སེམས་མཉམ་བསྐྱེད་གནང་བར་ངོས་རང་སེམས་འགུལ་ཆེན་པོ་ཐེབས་སོང་། ལས་དོན་དེ་ལྟ་བུ་ནི་འགྲོ་བ་མི་གཅིག་གྱུར་དང་བྱམས་སྙིང་རྗེའི་རང་བཞིན་གྱི་དཔེ་མཚོན་ཡིན། ང་ཚོ་མི་རེ་ངོ་རེ་ངོས་ནས་ད་ཆ་གོ་ལའི་ཚ་དྲོད་རྒྱས་པར་བརྟེན་ནས་ཛ་དྲག་དཀའ་ངལ་སེལ་ཆེད་དོན་ཕན་ལྡན་པའི་ཐབས་ལམ་ཞིག་འཚོལ་དགོས་ཀྱི་ཡོད། ཁྱེད་རྣམ་པས་མཁྱེན་གསལ་ལྟར། ངོས་རང་དེ་སྔོན་ཨོ་སི་ཀྲོ་ལི་ཡར་ཡང་ཡང་སླེབས་ཐུབ་ཀྱི་ཡོད་པ་དང་། དེའི་སྐབས་ས་གནས་མི་མང་ནས་ངོས་ལ་བཅངས་པའི་བརྩེ་སེམས་དང་། ངོས་ཀྱི་འགྲོ་བ་མིའི་རིན་ཐང་དང་སེམས་ཀྱི་ཞི་བདེ་གོང་འཕེལ་གཏོང་རྒྱུའི་ལས་དོན་ཐོག་དོ་སྣང་ཆེན་པོ་གནང་བར་ངོས་རང་སེམས་འགུལ་ཆེན་པོ་ཐེབས་བྱུང་”ཞེས་འཁོད་འདུག

རྒྱལ་ཁབ་དེའི་མེ་སྐྱོན་ཁྲོད་ད་བར་མི་གྲངས་༢༤ ཡི་ཚེ་སྲིག་ཤོར་ཡོད་པ་དང་། སེམས་ཅན་ཐེར་འབུམ་༡ ལས་མང་བའི་ཚེ་སྲོག་ཤོར་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག དེ་བཞིན་ཁང་པ་ཡང་བརྒྱ་ཕྲག་མང་པོ་རྩ་མེད་སོང་ཡོད་པ་དང་། མེ་སྐྱོན་དེ་ནི་ཨོ་སི་ཀྲོ་ལི་ཡའི་ལོ་རྒྱུས་ཁྲོད་ཚབས་ཆེ་ཤོས་ཤིག་ཆགས་འདུག་པས། མི་མང་ནང་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ཛ་དྲག་ཆགས་ཡོད་པའི་བསམ་བློ་སླེབས་ནས། དེ་འབྲེལ་གཞུང་ལ་འབོད་སྐུལ་དང་ངོ་རྒོལ་ལས་འགུལ་ཡང་མང་པོ་སྤེལ་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།