༧གོང་ས་མཆོག་དྷ་ས་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད།
ཟླ་འདིིའི་ཚེས་༢༦ ཉིན་གྱི་ཞོགས་པ་༸གོང་ས་མཆོག་གིས་ལྡི་ལི་གསར་པའི་རོ་ཧི་ནི་ས་ཁུལ་དུ་རྟེན་གཞི་བྱས་པའི་བོད་ཁྱིམ་གཞོན་ནུ་སྡོད་ཁང་དུ་ལྡི་ལི་ཁུལ་གྱི་མཐོ་སློབ་འདྲ་མིན་ནང་སློབ་གཉེར་གནང་བཞིན་པའི་བོད་མི་སློབ་མ་དང་མི་མང་ལ་བཀའ་སློབ་བསྩལ་བ་དང་། སྔ་དྲོ་ཆུ་ཚོད་༡༡་༣༠ ཙམ་ལ་གྷ་གྷལ་གནམ་ཐང་བརྒྱུད། དྷ་ས་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་འཁོད་སྐབས། ཁོང་གིས་གསར་འགོད་པར་སྐུ་གཟུགས་བདེ་ཐང་བྱུང་ཡོད་པའི་བཀའ་གནང་སོང་།
ཟླ་འདིིའི་ཚེས་༢༦ ཉིན་གྱི་ཞོགས་པ་༸གོང་ས་མཆོག་གིས་ལྡི་ལི་གསར་པའི་རོ་ཧི་ནི་ས་ཁུལ་དུ་རྟེན་གཞི་བྱས་པའི་བོད་ཁྱིམ་གཞོན་ནུ་སྡོད་ཁང་དུ་ལྡི་ལི་ཁུལ་གྱི་མཐོ་སློབ་འདྲ་མིན་ནང་སློབ་གཉེར་གནང་བཞིན་པའི་བོད་མི་སློབ་མ་དང་མི་མང་ལ་བཀའ་སློབ་བསྩལ་བ་དང་། སྔ་དྲོ་ཆུ་ཚོད་༡༡་༣༠ ཙམ་ལ་གྷ་གྷལ་གནམ་ཐང་བརྒྱུད། དྷ་ས་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་འཁོད་སྐབས། ཁོང་གིས་གསར་འགོད་པར་སྐུ་གཟུགས་བདེ་ཐང་བྱུང་ཡོད་པའི་བཀའ་གནང་སོང་།
༧གོང་ས་མཆོག་གིས་སྐུའི་སྙུང་གཞིའི་སྐོར་བཀའ་སློབ་གནང་དོན། “ད་རེས་ཡག་ཅིག་ན་སོང་ཨ། ཁ་ཉིན་རྡོ་རྗེ་གདན་ནས་ཏོག་ཙམ་ཆམ་ནད་ལྟ་བུ་མ་དྲག་པར་བསྡད་འདུག ཁ་སེང་ལྡི་ལིར་ཡོང་ནས་ཤེས་ཡོན་སྐོར་ལ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་འདུ་ཚོགས་པ་སོགས་བྱས་ནས་ཏོག་ཙམ་ཐང་ཆད་བྱུང་། དེ་ནས་ཡར་རྡ་སར་ལོག་པ་རེད། ཕྱི་ཚེས་༨ ཉིན་མོར་ཡར་ཕྱིན། བདེ་པོ་ཡོད། དགོང་མོར་མི་བདེ་བ་ཧ་ཅང་བྱུང་ནས་ཞོགས་པ་དེར་འཁྱོར་འགྲོ་ཡི་འདུག ལམ་སེང་ཐག་བཅད་ནས་ལྡི་ལིར་ཡོང་བ་རེད། འདིར་མེག་སི་སྨན་ཁང་དུ་དུས་དུས་ལ་བརྟག་དཔྱད་བྱེད་ཀྱི་ཡོད། སྨན་པ་ཚོའང་ངོ་ཤེས་ཆགས། གྲོགས་པོ་རྙིང་པ་རེད། ཁོང་ཚོས་བརྟག་དཔྱད་བྱས་པ་རེད། གློ་བུར་ན་ཚའི་གཞི་ཏོག་ཙམ་འདུག་ཟེར་བྱུང་། དེ་ནས་མཁལ་མ་བྱས། གཞི་ལྗིད་པོ་ཡིན་པ་བཤད་བྱུང་། སྨན་ཁང་རང་དུའང་ཉིན་ཤས་བསྡད། ལག་ཐོག་ཁབ་བཙུགས་ནས་དེ་སུན་པོ་བྱུང་། ལུས་པོར་སྨན་ཆུ་གཏོང་ཆེད་ཆུ་ཚོད་ལྔ་དྲུག་བར་མཚམས་རྗེས་ཁབ་རེ་འཛུགས་དགོས་སྟབས་ཧ་ཅང་སུན་པོ་བྱུང་། དགོང་མོ་ཆུ་ཚོད་ལྔ་པ་ཙམ་དང་ནམ་ཕྱེད་ལ་ཁབ་གཅིག་འཛུགས་ཀྱི་འདུག ཧ་ཅང་སུན་པོ་བྱུང་། ངོས་རང་གཉིད་ལ་དགའ་པོ་ཡོད། དེར་བརྟེན་ནམ་ཕྱེད་ཆུ་ཚོད་ ༡༢ ཙམ་ལ་གཉིད་སྐྱིད་པའི་སྒང་དེར་ཡར་བསླངས་ནས་ཁབ་ཆུ་གཏོང་སྐབས་ཏོག་ཙམ་སུན་པོ་བྱུང་། ཕྱིས་སུ་ངོས་ཀྱིས་རེ་འདུན་ཞིག་བཏོན་ནས་ནམ་ཕྱེད་ལ་ཁབ་ཆུ་གཏོང་མི་དགོས་པ་བརྗོད་པ་ཡིན། སྨན་པ་ཚོར་ཤོད་ས་འདུག དེ་འདྲ་བྱས་ནས་སྨན་ཁང་དུ་ཉིན་ཤས་བསྡད་པ་རེད། དེ་ནས་སྨན་ཁང་ནས་ཐོན་ནས་ཉེ་འགྲམ་མགྲོན་ཁང་དེར་ཉིན་ཤས་བསྡད་པ་རེད། རྗེས་སུ་སྨན་པས་བརྟག་དཔྱད་བྱས་ནས་རྡ་སར་ག་དུས་ལོག་ཀྱང་འགྲིག་པ་འདུག ད་ནད་སངས་དྲག་རེད་ཟེར་གྱི་འདུག འདིར་མཚོན་ན་སྔ་མོ་ནས་རྒྱུས་ཡོད་རེད། ཉིན་ཤས་རིང་གྲོགས་པོ་རྙིང་པ་ཐུག་ཆེད་འདིར་ཡོང་བ་རེད་”ཅེས་བཀའ་སློབ་གནང་།
༧གོང་ས་མཆོག་གིས་ཚན་རིག་པ་ཚོ་དང་མཇལ་འཕྲད་སྐོར་བཀའ་སློབ་གནང་དོན། “དེ་རིང་ཁྱེད་རང་ཚོ་འདི་གའི་སློབ་གྲྭའི་ཁུངས་ཀྱི་ཕྲུ་གུ་ཚོ་དང་། ལྡི་ལི་ཁུལ་གྱི་གཡས་གཡོན་ནས་ཡོང་བ་ཁྱེད་རང་ཚོ་སློབ་ཕྲུག་ཚོ་དང་འཁྱུག་ཙམ་ཐུག་ན་བསམས་པ་རེད། ཐུག་པའི་དགོས་པ་དང་དམིགས་ཡུལ་གང་རེད་བརྗོད་ན། ངོས་རང་ལོ་ན་བརྒྱད་ཅུ་གྱ་གྲངས་ནང་སླེབས་ཡོད། ང་ཚོ་བཙན་བྱོལ་བ་ཆགས་པའི་རྗེས་སུ་མི་སྣ་མང་པོ་ཐུག་གི་ཡོད། ལྷག་པར་ཚན་རིག་པ་མཁས་པ་དེ་འདྲ་མང་པོ་ཐུག་གི་ཡོད། སྔ་མོ་འདིར་ཚར་གཅིག་ ༼དབང་རྩའི་ཚན་རིག་པ་གྲགས་ཅན་༽ རི་ཆཌ་ཌེ་ཝིཌ་སན་ Richard Davidson གྱིས་སྐད་ཆ་བཤད་པ་རེད། དྲན་གྱི་འདུག་གམ། ཚན་རིག་པ་སྙན་གྲགས་ཅན་མང་པོ་ཞིག་དང་ཐུག་གི་ཡོད། བར་སྐབས་མོ་སི་ཀོ་མཐོ་སློབ་ནང་ནས་མཁས་དབང་ཞིག་གིས་མཐོ་སློབ་རང་གི་ཐོག་ནས་སེམས་ཁམས་རིག་པ་དང་། ལྷག་དོན་མི་གྲོངས་ནས་ཐུགས་དམ་ལ་བཞུགས་ཟེར་བ་ཞིག་ཡོད་རེད། དཔེར་ན་ངོས་ཀྱི་དགེ་རྒན་ཡོངས་འཛིན་གླིང་རིན་པོ་ཆེ་དགོངས་པ་རྫོགས་ནས་ཉིན་བཅུ་གསུམ་རིང་ཐུགས་དམ་བཞུགས་པ་རེད། སྐུ་སོས་པ་བྱས་ནས་བཞུགས་པ་རེད། རྡ་སར་སྨན་པ་ཡོང་ནས་བརྟག་དཔྱད་བྱས་ནས་གཤེགས་ཟིན་འདུག འོན་ཀྱང་སྐུ་གཟུགས་སོས་པ་བྱས་ནས་བཞུགས་སྐབས་དམིགས་བསལ་རེད། དེ་མུར་བཞག་ན་འགྲིག་གི་རེད་ཟེར། དེ་འདྲ་བྱུང་བ་རེད། ཕྱོགས་མཚུངས་བོད་པའི་བླ་མ་ཞིག་ཡོད། ནིའུ་ཛི་ལེནྜིའི་སྨན་ཁང་ནང་གཤེགས་རྗེས་ཐུགས་དམ་ལ་བཞུགས་པ་རེད། དེར་བརྟེན་སྨན་པས་སྤྱིར་བཏང་བྱས་ན་གྲོངས་ཟིན་རྗེས་ཕུང་པོ་དེ་སྨན་ཁང་ནས་འདོན་དགོས་ཀྱང་འདི་མི་འདྲ་བ་ཞིག་རེད་འདུག ཁྱེད་རང་ཚོའི་འགྲོ་སྟངས་ལྟར་དུས་ཡུན་ཇི་ཙམ་གཞག་ཀྱང་ཁྱེད་ཚོའི་འདོད་པ་རེད་ཅེས་དམིགས་བསལ་སྤྲད་པ་རེད། དེ་ལྟ་བུའི་ཐུགས་དམ་བཞུགས་མཁན་བར་སྐབས་མང་པོ་ཞིག་བྱུང་ཡོད། དེ་ཚོའི་གྲས་ལ་དམིགས་བསལ་བརྟག་དཔྱད་བྱ་རྒྱུ་ཞིག་མོ་སི་ཀོ་མཐོ་སློབ་ནས་བརྟག་དཔྱད་བྱ་རྒྱུའི་ཡོ་ཆས་སྟབས་བདེ་ཞིག་དེ་སྔ་རྡ་སར་ཡོད་ཀྱང་། ད་ཆ་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་བཞག་ནས་སེར་འབྲས་དགའ་གསུམ་སོགས་ནས་ཐུགས་དམ་བཞུགས་མཁན་བྱུང་ཚེ་དམིགས་བསལ་བརྟག་དཔྱད་བྱ་རྒྱུ་ཞིག་མོ་སི་ཀོ་མཐོ་སློབ་ཀྱིས་བྱས་པ་རེད་”ཅེས་བཀའ་སློབ་གནང་།
༧གོང་ས་མཆོག་གིས་སེམས་ཁམས་རིག་པའི་སྐོར་བཀའ་སློབ་གནང་དོན། “འཛམ་གླིང་འདིའི་སྟེང་ཕྱི་དངོས་པོའི་ཡར་རྒྱས་ཧ་ཅང་ཕྱིན་ཡོད་ཀྱང་སེམས་ཁམས་རིག་པའི་སྐོར་ལ་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་གང་ཡང་ཤེས་ཀྱི་མེད། སེམས་ཁམས་རིག་པའི་སྐོར་དེ་རྒྱ་གར་ཁོ་ན་རེད། རྒྱ་གར་ཡང་སྔ་མོ་སེམས་ཁམས་རིག་པའི་སྐོར་ལ་ཧ་ལས་པའི་ཡར་རྒྱས་ཡོད་པ་དང་ཕྱུག་པོ་རེད། འོན་ཀྱང་ད་ཆ་ཉམས་ཚར་བ་རེད། རྒྱ་གར་གྱི་སེམས་ཁམས་རིག་པའི་སྐོར་གཙོ་བོར་གྱུར་བའི་ཚད་མ་རིག་པ་དང་ལྟ་གྲུབ་དེ་ཚོའི་སྐོར་གཏིང་ཟབ་པོ་དང་རྒྱ་ཆེན་པོ་ཡོད་པ་དེ་དག་དུས་རབས་བརྒྱད་པ་ནས་མཁན་ཆེན་ཞི་བ་འཚོས་བོད་པར་རྩིས་སྤྲོད་གནང་ནས་དཔལ་ནཱ་ལེནྡྲའི་མཁས་དབང་ཚོས་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་བཅས་རིག་གནས་བཅུ་པོ་དེ་དག་ང་ཚོ་བོད་པར་ངོ་སྤྲོད་དང་རྩིས་སྤྲོད་ལྟ་བུ་གནང་བ་རེད། བོད་པ་ཚོས་ཀྱང་། དུས་རབས་བརྒྱད་པ་ནས་དུས་ད་ལྟ་བར་རྒྱ་གར་མཁས་པའི་རིག་གཞུང་ང་ཚོ་བོད་པས་བདག་པོ་བརྒྱབ་ནས་ད་བར་གནས་ཐུབ་པ་འདི་ཧ་ལས་པ་རེད་འདུག དེར་བརྟེན་དེང་སྐབས་འཛམ་གླིང་འདིའི་སྟེང་དངོས་པོ་ཡར་རྒྱས་ཧ་ཅང་ཕྱིན་ཡོད་ཀྱང་སེམས་ཁམས་རིག་པའི་སྐོར་ལ་ཐུག་སྐབས་ནུབ་ཕྱོགས་རྒྱལ་ཁབ་ཧ་ཅང་རྨོངས་པ་རེད། འདི་ངོས་ཀྱིས་མཐོང་ཆུང་ཁྱད་གསོད་བྱས་པ་མིན། ༼ཞལ་ཤོབ་མཛད། ༽ རྒྱ་གར་གྱི་གནའ་རབས་སེམས་ཁམས་རིག་པའི་སྐོར་ཧ་ལས་དགོས་པ་ཞིག་ཡོད། འདི་བོད་མི་ཚོས་བདག་པོ་བརྒྱབ་ནས་ད་བར་ཡོད་པ་འདི་གཞི་ནས་འཛམ་གླིང་འདིའི་སྒང་ལ་མཁས་དབང་མང་པོ་ཞིག་དང་ཐུག བགྲོ་གླེང་སོགས་བྱེད་སྐབས་གཞི་ནས་ཚན་རིག་པ་མང་པོ་ཞིག་གིས་ང་ཚོར་ཧ་ཅང་དགའ་པོ་བྱས་ནས་སེམས་ཁམས་རིག་པ་དང་ཚད་མ་རིག་པ། ལྟ་གྲུབ། ཚད་རྡུལ་དངོས་ཁམས་རིག་པ་(quantum physics) དེ་ཚོའི་གྲས་བོད་མི་ཚོས་ལོ་ངོ་སྟོང་ཕྲག་རིང་བདག་པོ་བརྒྱབ་པ་དེ་དག་ལ་ངོ་མཚར་སྐྱེས་ནས་དེ་ནས་ཚུར་སློབ་སྦྱོང་བྱ་རྒྱུར་དོ་སྣང་ཧ་ཅང་བྱེད་ཀྱི་འདུག སྤྱིར་ནང་པའི་གཞུང་ནས་འཇིག་རྟེན་ཁམས་ཀྱི་རྣམ་གཞག་སྐོར་གསུང་ཡོད། བསྐལ་པ་མེས་འཇིག ཆུས་འཇིག འཛམ་གླིང་བྱེ་བ་ཕྲག་བརྒྱ། ཆགས་པའི་བསྐལ་པ། སྟོང་པའི་བསྐལ་བ། གནས་པའི་བསྐལ་པ་ཞེས་གཞུང་ནང་གསུང་ཡོད་རེད། འོན་ཀྱང་ཞིབ་ཚགས་པོ་ཚན་རིག་པ་ནས་ཚུར་སློབ་སྦྱོང་ལེན་དགོས་པ་མང་པོ་འདུག ཚན་རིག་པ་དང་མཉམ་དུ་འབྲེལ་བ་བྱས་ནས་ཕན་ཚུན་བློ་སྐྱེད་བླངས་པའི་འབྲས་བུར་ངོས་ལ་ཆ་བཞག་ན་རི་རབ་ལ་ཡིད་ཆེས་བྱེད་ཀྱི་མེད། ང་ཚོའི་སྤོ་ལགས་དང་རྨོ་ལགས་དེ་ཚོས་ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། ཞེས་མཎྡལ་འབུམ་གསོག་མཁན་དེ་ཚོའི་གྲས་ངོས་ཀྱིས་རི་རབ་ཡོད་མ་རེད་ཟེར་དུས་གང་དྲན་གྱི་ཡོད་དམ་བསམ་པ་དྲན་གྱི་འདུག འདི་ང་ཚོའི་ཚད་མ་རིག་པའི་གཞུང་ནང་གྲུབ་མཐའ་ཡང་དག་དང་འགག་དག་ཡང་དག་ཅེས་འགག་དག་བཤད་ཡོང་དུས་མི་སྣང་བ་མ་དམིགས་དང་སྣང་རུང་མ་དམིགས་པ་ཞེས་བཤད་ཡོང་གི་ཡོད་རེད། གལ་ཏེ་རི་རབ་ཡོད་ན་སྣང་དུ་རུང་བ་རེད། སྣང་དུ་རུང་བ་ཞིག་མི་སྣང་དུས་མེད་པར་ཐག་བཅད་དགོས། སྣང་རུང་མ་དམིགས་པའི་གཏན་ཚིག་ཏག་ཏག་འགྲོ་ཡི་ཡོད། རི་རབ་ནི་དམིགས་བསལ་བ་ལས་དག་པས་མཐོང་རྒྱུ་རེད། སྤྱིར་བཏང་བས་མཐོང་གི་མ་རེད་ཅེས་བརྗོད་དགོས་བྱུང་ན་ཧ་ཅང་ཁག་པོ་རེད། རི་རབ་གི་གྲིབ་ནག་ང་ཚོས་མཐོང་གི་ཡོད་པའི་སྐད་ཆ་རེད། མཁྱེན་སོང་ངམ། ཉི་མ་དང་ཟླ་བ་རི་རབ་ལ་སྐོར་བ་བརྒྱབ་ནས་ཉི་མ་རི་རབ་ཀྱི་བྱང་ལ་སླེབ་པའི་སྐབས་སུ་ལྷོ་ཕྱོགས་དེ་ནག་ཁུང་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་རི་རབ་ཀྱི་གྲིབ་ནག་ང་ཚོས་མཐོང་གི་ཡོད། གྲིབ་ནག་དེ་ང་ཚོས་མཐོང་ཡང་གྲིབ་ནག་གང་ནས་ཡོང་བའི་རི་རབ་དེ་ང་ཙོས་མི་མཐོང་བ་དེ་ཇི་ལྟར་བརྗོད་དམ། རི་རབ་ཀྱི་གྲིབ་ནག་དེ་ང་ཚོས་མཐོང་དུས་རི་རབ་དེ་ང་ཚོས་མཐོང་དགོས་རེད། དེ་ཚོ་གནད་འགག་གང་ཡང་མི་འདུག བཅོམ་ལྡན་འདས་འཛམ་གླིང་འདིའི་སྟེང་འཛམ་གླིང་གི་ས་ཁྲ་བཟོ་སླད་ཕེབས་མེད་ཅེས་ངོས་ཀྱིས་སྔ་མོ་ནས་དེའི་སྐོད་བཤད་མྱོང་། བཅོམ་ལྡན་འདས་ཀྱིས་བདེན་པ་བཞིའི་སྐོར་གསུང་ནས་གཙོ་བོ་སེམས་ཁམས་རིག་པ་དང་། སེམས་ལ་བསྒྱུར་བ་ཇི་ལྟར་གཏོང་དགོས་མིན། ཞི་བདེ་ཕྱི་ནས་སྒྲུབ་རྒྱུ་མིན་པར་ཞི་བདེ་སེམས་ཀྱི་ནང་ནས་བཟོ་རྒྱུ། བཅོམ་ལྡན་འདས་ཧ་ལས་པ་རེད་འདུག དེང་སྐབས་ཚན་རིག་པ་ཚོ་དངོས་གནས་ངོ་མཚར་སྐྱེས་ནས་དོ་སྣང་ཧ་ཅང་བྱེད་ཀྱི་འདུག ཆོས་མེད་མཁན་ཚོའང་དོ་སྣང་བྱེད་ཀྱི་འདུག་”ཅེས་ནང་པའི་ཆོས་ཀྱི་གཞུང་ནང་བཤད་པ་དེ་ཚོ་དེང་སྐབས་འཛམ་གླིང་ཐོག་དགོས་མཁོ་ཆེན་པོ་བྱུང་ཡོད་པ་དང་། དེ་ཚོ་སྦྱང་རྒྱུར་བོད་ཀྱི་སྐད་ཡིག་དེ་གལ་ཆེན་པོ་ཡིན་སྐོར་གྱི་བཀའ་སློབ་གནང་ཡོད་པ་རེད།
དེ་རྗེས་ལྡི་ལི་ནས་མཁའ་ལམ་བརྒྱུད་གྷ་གྷལ་གནམ་ཐང་དུ་ཞབས་སོར་འཁོད་སྐབས། སྲིད་སྐྱོང་བློ་བཟང་སེང་དང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་སོགས་གཞུང་གི་མཛད་གཙོ་རྣམས་དང་། ས་གནས་མི་མང་གིས་ཕེབས་བསུ་ཞུས་ཏེ། དྷ་སའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།