༧གོང་ས་མཆོག་ནས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཐོག་བཀའ་སློབ་བསྩལ་བ།
སལ་ཝན་ཤེས་ཡོན་ཐེབས་རྩའི་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཟླ་༡༢ པའི་ཚེས་༢༡ ཉིན་༧གོང་ས་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིའི་ཉེ་འཁྲིས་སུ་ཆགས་པའི་ཧ་རི་ཡ་ན་མངའ་སྡེའི་གུ་རུ་ག་རམ་གྱི་སལ་ཝན་སློབ་གྲྭའི་ནང་། ལྡི་ལི་དང་རྒྱལ་སའི་ཉེ་འཁོར་ཁུལ་གྱི་སློབ་གྲྭ་གྲངས་༦༡ ཀྱི་སློབ་ཕྲུག་དང་དགེ་ལས་ཕ་མ་བཅས་མི་གྲངས་ ༥༠༠༠ བརྒལ་བར་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཐོག་བཀའ་སློབ་ལམ་སྟོན་བསྩལ་གནང་སོང་།
དེ་ཡང་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་དོན། འཛམ་གླིང་ནང་གི་མི་ཐེར་འབུམ་ ༧ ལྷག་རྣམས་ནི་གཅེན་གཅུང་ཡིན་པ་དང་། དེའི་རྒྱུ་མཚན་ནི་ང་ཚོ་མའི་ཁོག་ནས་སྐྱེ་སྟངས་གཅིག་པ་ཡིན་པ་ལས་དམིགས་བསལ་གང་ཡང་མེད། ཨ་མས་ཕྲུ་གུར་འོ་མ་སྤྲོད་པ་དང་། བྱམས་སྐྱོང་བྱེད་སྟངས་རྣམས་གཅིག་མཚུངས་རེད། དུད་འགྲོ་སེམས་ཅན་ཞིག་ཡིན་རུང་ཨ་མས་རང་གིའི་ཕྲུ་གུར་གཅེས་སྐྱོང་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་མཐར་ཐུག་ན་འཛམ་གླིང་འདི་བྱམས་སྙིང་རྗེ་ལ་བརྟེན་དགོས་ཀྱི་ཡོད་པ་རེད། ད་ལྟའི་ཆར་འཛམ་གླིང་འདིའི་སྟེང་གི་འགྲོ་བ་མི་དང་སེམས་ཅན་མཐའ་དག་ལ་ཨ་མས་འོ་མ་སྤྲོད་པ་དང་བརྩེ་བས་བསྐྱངས་པ་ཤ་སྟག་རེད་ལ། ཆོས་ལུགས་ཀྱི་དབྱེ་བ་མེད་པར་ང་ཚོས་འདོན་པ་འདོན་པ་སོགས་གཅིག་མཚུངས་རེད། དེ་ཡང་ངོས་རང་ཚུད་པའི་ཕྲུ་གུ་ཁྱེད་རང་ཚོའི་ཆོས་ལུགས་གང་ཡིན་མིན་དང་ཚོགས་པ་ག་རེ་ཡིན་མིན་སོགས་ལ་མ་ལྟོས་པར། ཚང་མས་མཉམ་དུ་སྨོན་ལམ་འདེབས་པ་དང་གད་མོ་བགད་ཀྱི་ཡོད་པ་རེད། དེར་བརྟེན་ངོས་རང་གིས་བསམ་ཚུལ་ལ་ང་ཚོ་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན་པའི་ཆ་ནས། འཛམ་གླིང་འདི་འགྲོ་བ་མིའི་འཛམ་གླིང་ཞིག་ཆགས་ཀྱི་ཡོད་པ་རེད་ཅེས་དང་། ངོས་ཀྱི་བསམ་ཚུལ་ལ། འདས་པའི་ལོ་ངོ་སྟོང་ཕྲག་གོང་ལ་རྒྱ་གར་ལ་བྱམས་སྙིང་རྗེ་དང་འཚེ་བ་མེད་པའི་སྐོར་ལ་སློབ་ཀྱི་ཡོད་པ་རེད། སྤྱིར་གཞི་རྩའི་ཐོག་ནས་བྱམས་སྙིང་རྗེ་དང་འཚེ་བ་མེད་པ་གཉིས་པོ་འགྲོ་བ་མིའི་རིན་ཐང་ཆགས་ཀྱི་ཡོད་པ་རེད། དེ་ཡང་སེམས་ཅན་སྟག་དང་སེང་གེ་ལའང་ཨ་མའི་འོ་མས་གཅེས་སྐྱོང་བྱེད་ཀྱི་ཡོད་རེད། འོན་ཀྱང་སྟག་དང་སེང་གེ་སོགས་ཀྱི་གཟུགས་པོའི་རང་བཞིན་མི་འདྲ་བ་ཡོད་པ་དང་། ཁོ་ཚོའི་མཆེ་བ་རྣོ་བོ་ཡོད་པ་དང་རྐང་ལག་གི་སྡེར་མོའང་རྣོ་བོ་ཡོད་པར་བརྟེན། གཞན་ལ་འཚེ་བ་བྱེད་ཀྱི་་ཡོད་པ་རེད། འོན་ཀྱང་ང་ཚོ་ཚང་མ་དེ་ལྟར་མ་རེད། དེར་བརྟེན་གཞི་རྩའི་འགྲོ་བ་མིའི་རང་བཞིན་ནི་བྱམས་སྙིང་རྗེ་དང་འཚེ་བ་མེད་པ་བྱ་རྒྱུ་དེ་རེད། དེར་བརྟེན་ང་ཚོ་ཨ་མའི་འོ་མ་དང་བྱམས་བརྩེས་གསོ་སྐྱོང་བྱས་པའི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། ང་ཚོའི་གཟུགས་པོའི་རང་བཞིན་དང་བསམ་བློའི་གཏོང་ཕྱོགས་ལ་ཁྱད་པར་ཡོང་གི་ཡོད་པ་རེད། སྤྱིའི་ཆ་ནས་སེམས་ཅན་ལས་ལྷག་པ་འགྲོ་བ་མི་རྣམས་ཞི་བདེ་དང་ལྡན་པའི་ཐོག་ནས་འཚོ་བ་སྐྱེལ་གྱི་ཡོད་པ་རེད། སེམས་ཅན་གཞན་དག་འཚོ་གནས་བྱེད་པར་ཕན་ཚུན་གསོད་རེས་བྱས་ཏེ་འཚོ་བ་སྐྱེལ་དགོས་ཀྱི་ཡོད་རེད། འོན་ཀྱང་ང་ཚོ་དེ་ལྟར་མ་རེད། སྐབས་རེར་ང་ཚོ་མིའི་བསམ་བློ་ཡར་རྒྱས་ཕྱིན་པ་ལ་བརྟེན་ནས་འདོད་ཆགས་མང་བ་ཡོང་བ་དང་། འདོད་ཆགས་མང་བའི་རྐྱེན་གྱིས་དྲག་ཤུལ་ཡོང་གི་ཡོད་རེད། དེར་བརྟེན། ད་ལྟའི་ཆར་ང་ཚོའི་འཛམ་གླིང་ནང་འཚེ་བ་དང་དྲག་རྒོལ། བཙན་གནོན་མང་པོ་བྱུང་བ་མཐོང་གི་ཡོད་རེད་ལ། དེའི་རྐྱེན་གྱིས་མི་མང་པོ་གསོད་པ་དང་ཚེ་སྲོག་ཤོར་གྱི་ཡོད་པ་རེད། ད་དུང་ད་ལྟའི་ཆར་ཚང་མས་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུའི་ཚོར་བ་ཤུགས་ཆེན་པོ་ཡོད་པ་རེད། དེ་དག་ནི་བསམ་བློ་གཏོང་ཕྱོགས་རྙིང་པ་རེད། དེར་བརྟེན་ངོས་རང་གིས་གོང་དུ་ཞུས་པ་ལྟར། འཛམ་གླིང་འདིའི་སྟེང་དུ་ཡོད་པའི་སེམས་ཅན་དང་འགྲོ་བ་མི་ཡོངས་རྫོགས་ཨ་མ་ནས་སྐྱེས་པ་དང་ཨ་མའི་བྱམས་བརྩེས་གསོ་སྐྱོང་བྱེད་པ་དང་། གཅེན་གཅུང་གི་བརྩེ་བས་སྐྱོང་བ་ཞིག་ཡིན་པས་ང་ཚོ་བྱམས་སྙིང་རྗེའི་ཐོག་ནས་འཚར་ལོངས་བྱུང་བ་ཞིག་རེད། འདས་པའི་དུས་རབས་ཁ་ཤས་གོང་ནས་འཛམ་གླིང་འདིའི་སྒང་ལ་འཚེ་བ་མང་པོ་བྱུང་ཡོད་པ་རེད། དེ་ཡང་ངོ་མཚར་ཅན་གྱི་མིའི་ཀླད་པ་དེ་དག་གིས་མི་ཇི་ལྟར་གསོད་དགོས་པ་དང་། ཁྱིམ་མཚེས་རྒྱལ་ཁབ་དང་ཁྱིམ་མཚེས་སོགས་གཏོར་བཤིག་ཇི་ལྟར་གཏོང་དགོས་པའི་ཐོག་ལ་བེད་སྤྱོད་བཏང་དང་གཏོང་བཞིན་ཡོད་པ་ནི་ནམ་ཡང་ནོར་གྱི་ཡོད་རེད། ད་ལྟའི་ཆར་ང་ཚོས་འཛམ་གླིང་སྟེང་གི་མི་ཐེར་འབུམ་ ༧ ལྷག་རྣམས་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན་པའི་ཆ་ནས་བྱམས་སྙིང་རྗེ་དང་འཚེ་བ་མེད་པ་བྱ་དགོས་པ་དང་། འཛམ་གླིང་ཞི་བདེ་དང་ལྡན་པ་བསྐྲུན་ཐུབ་པར་བསམ་བློ་མང་ཙམ་གཏང་དགོས་ཀྱི་ཡོད་པ་རེད། འདས་པའི་ལོ་ངོ་མང་པོའི་ནང་འཚེ་བ་མང་པོ་བྱུང་ཡོད་རེད་ལ། དེའི་རྐྱེན་གྱིས་འཛམ་གླིང་ཞི་བདེ་དང་བདེ་སྐྱིད་དང་ལྡན་པ་བསྐྲུན་ཐུབ་ཀྱི་མེད་ལ། འཛམ་གླིང་འདིའི་སྟེང་འཚེ་བ་མང་པོ་བྱུང་བའི་རྐྱེན་གྱིས་ཕྱིས་སུ་འཚེ་བ་དེ་བས་མང་བ་འབྱུང་གི་རེད། དེར་བརྟེན་ད་ལྟའི་ཆར་ང་ཚོས་ཞི་བདེ་དང་ལྡན་པ་དང་། འཚེ་བ་མེད་པ། བདེ་སྐྱིད་དང་ལྡན་པའི་འཛམ་གླིང་བསྐྲུན་རྒྱུའི་ཐད་ལ་བསམ་བློ་གཏང་རྒྱུའི་དུས་ལ་བསླེབས་ཡོད་པ་དང་། ང་ཚོ་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན་པ་དང་གཅེན་གཅུང་ཡིན་པའི་ཆ་ནས་ཕན་ཚུན་གསོད་རེས་བྱ་དགོས་དོན་མེད་པས། ཚང་མ་མཉམ་དུ་འཚོ་བ་སྐྱེལ་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་སོང་།
དེ་བཞིན་༧གོང་ས་མཆོག་ནས་རྒྱ་ནག་དང་རྒྱ་གར་གཉིས་ནི་འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་གཉིས་ཡིན་པ་དང་། ཉེ་བའི་ལོ་བཅུ་ཕྲག་འགའ་ཤས་ནང་རྒྱ་ནག་ཏུ་བརྟན་ལྷིང་མེད་པའི་གནས་སྟངས་མང་པོ་ཞིག་བྱུང་ཡོད་པ་དེ་ལྟར་ཡང་། རྒྱ་གར་ནི་མང་གཙོའི་རྒྱལ་ཁབ་ཞིག་དང་། ལྷག་པར་དུ་ཆོས་དད་རང་དབང་དང་ཆོས་ལུགས་རིས་མེད་ལ་གུས་བཀུར་ཞུ་མཁན་གྱི་རྒྱལ་ཁབ་ཞིག་ཡིན་པ། མང་གཙོ་དང་ཆོས་ལུགས་ཚང་མར་གུས་བརྩི་ཞུ་བ་དེ་རྒྱ་གར་གྱི་སྤོབས་པ་བྱ་འོས་པའི་རིག་གཞུང་བཟང་པོ་ཞིག་ཡིན་སྟབས། རྒྱ་གར་བ་ན་གཞོན་ཚོས་རིག་གཞུང་དེ་བདག་གཅེས་གནང་རྒྱུ་གལ་འགངས་ཆེན་པོ་ཡིན་པ། དེ་བཞིན་དུས་རབས་གསར་པའི་གཞོན་སྐྱེས་རྣམས་ཀྱིས་རྒྱ་གར་གནའ་རབས་ཀྱི་རིག་གཞུང་དང་ཤེས་ཡོན་ཐོག་ལ་དོ་སྣང་མང་ཙམ་བྱ་དགོས་སྐོར་དང་། ཕྱི་དངོས་པོའི་ཡར་རྒྱས་དང་འབྲེལ་ནས་དེང་དུས་ཤེས་ཡོན་སློབ་གསོ་སྤྲོད་ཀྱི་ཡོད་པ་ལྟར། ནང་སེམས་ཀྱི་ཞི་བདེའི་སྐོར་ལ་གོ་རྟོགས་སྤེལ་བ་དང་ཡར་རྒྱས་ཡོང་ཐུབ་པར་རྒྱ་གར་གྱི་གནའ་རབས་ཀྱི་ཤེས་ཡོན་སློབ་གསོ་སྤྲོད་དགོས་པ་དེ་གལ་ཆེན་པོ་ཡིན་པར་བརྟེན། ཚང་མས་རྒྱ་གར་གནའ་རབས་ཀྱི་ཤེས་ཡོན་ཐོག་ལ་དོ་སྣང་མང་ཙམ་བྱེད་དགོས་སྐོར་གསུངས་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།