༧གོང་ས་མཆོག་ནས་ཆོས་ལུགས་ཚང་མ་ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བ་ཡོད་ཀྱང་། སེམས་པ་བཟང་པོ་དང་མི་ལ་ཕན་སེམས་བྱེད་དགོས་པའི་བསླབ་བྱ་གཅིག་མཚུངས་རེད་ཅེས་གསུངས་འདུག

༧གོང་ས་མཆོག་ནས་སྲིད་དོན་ལྟ་བུའི་ཐོག་ནས་འཐེན་འཁྱེར་བྱེད་པ་ནི་ཡོང་སྲིད་པ་ཞིག་དང་། ཆོས་ལུགས་ཀྱི་ཐོག་ནས་ཕན་ཚུན་འཐེན་འཁྱེར་བྱས་པ་ཡིན་ན་ཧ་ཅང་ཐབས་སྐྱོ་བོ་རེད། ང་ཚོ་ཚང་མར་སེམས་པ་བཟང་པོ་བྱེད་པའི་བསླབ་བྱ་གཅིག་མཚུངས་ཡོད། ཆོས་ལུགས་མཐུན་འབྲེལ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་ཅེས་བཀའ་སློབ་བསྩལ་གནང་འདུག 

ཟླ་༧ པའི་ཚེས་༢༣ ཉིན་༸གོང་ས་་མཆོག་གིས་ལ་དྭགས་རྒྱལ་ས་སླེ་རུ་རྟེན་གཞི་བྱས་པའི་ཇོ་ཁང་དང་། ཁ་ཆེའི་སུན་ནི་དང་ཤི་ཡའི་མཆོད་ཁང་། དེ་བཞིན་མོ་རཱ་ཝིན་ཡི་ཤུའི་མཆོད་ཁང་བཅས་སུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཡོད་པ་རེད་འདུག 

༧གོང་ས་མཆོག་ནས་ཇོ་ཁང་དུ་ཆིབས་བསྒྱུར་བསྐྱངས་ནས་བཀའ་སློབ་བསྩལ་དོན། ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་ཚོ་ཚང་མ་ངོ་ཤེས་རྙིང་པ་དང་ངོ་ཤེས་འགྱུར་བ་མེད་པ་ཧ་ཅང་ཡག་པོ་རེད་ཐུགས་རྗེ་ཆེ། ངོས་རང་སླར་ཡང་ལ་དྭགས་ལ་སླེབས་པ་དང་། ཁྱེད་ཚོ་ཚང་མ་དད་པ་དང་དམ་ཚིག་གཡོ་བ་མེད་པ་རེད། ངོས་ལ་ཆ་བཞག་ནའང་བསྟན་པའི་ཞབས་འདེགས་སྒོ་གང་ས་ནས་སྒྲུབ་ཐུབ་པར་སེམས་བསྐྱེད་ཀྱི་ཡོད་པ་མ་ཟད་སྨོན་ལམ་རྒྱག་བཞིན་ཡོད། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །ཅེས་དང་། བསམ་གཏན་ཀློག་པའི་ལས་དག་གིས། །ལུས་ལ་སྙིང་པོ་བླངས་པར་བྱ། །ངུར་སྨྲིག་གྱོན་ཙམ་གྱིས་ཆོག་པའི། །བསམ་པ་ནམ་ཡང་མི་བྱའོ། །ཞེས་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱི་བཤད་པ་དང་སྒྲུབ་པའི་ཐོག་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་དགོས་པ་ལས་ལུས་ལ་ཆོས་གོས་སྣམ་སྦྱར་གྱོན་པ་ཙམ་གྱིས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཕན་གྱི་མ་རེད། སྔོན་མ་ནས་ངོས་རང་ཧི་མ་ལ་ཡ་རི་རྒྱུད་ཀྱི་དགོན་པ་ཁག་མང་པོར་སླེབས་པའི་སྐབས་སུ་སངས་རྒྱས་ཀྱི་བསྟན་པ་ཞེས་པ་ནི་འདོན་པ་གདོན་རྒྱུ་གཅིག་པུའི་སྐད་ཆ་མིན་པར་སྡེ་སྣོད་གསུམ་གྱི་འཆད་ཉན། བསླབ་པ་གསུམ་གྱི་ཉམས་ལེན་བཤད་པ་དང་སྒྲུབ་པའི་ཐོག་ནས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པ་ཞིག་དགོས་པ་རེད། ཅེས་བརྗོད་པ་ཡིན། ཞེས་བཀའ་སློབ་བསྩལ་གནང་འདུག

དེ་རྗེས་ཁ་ཆེའི་སུན་ནི་ཆོས་བརྒྱུད་ཀྱི་མཆོད་ཁང་དུ་ཞབས་སོར་འཁོད་མཚམས་ཁ་ཆེའི་ཆོས་དཔོན་གྱིས་རང་ལུགས་ལྟར་ཞི་བདེའི་སྨོན་ལམ་གསུང་འདོན་གྱིས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་ཞུས་པ་དང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་། ཆོས་ལུགས་མཐུན་འབྲེལ་སོགས་ཀྱི་སྐོར་བཀའ་སློབ་བསྩལ་གནང་འདུག 

དེ་ནས་ཁ་ཆེ་ཤི་ཡ་མཆོད་ཁང་དུ་ཆིབས་བསྒྱུར་བསྐྱངས་ནས་བཀའ་སློབ་བསྩལ་དོན།  ངོས་ཀྱིས་ད་ལྟའི་མི་ཚེ་འདིར་དམ་བཅའ་གལ་ཆེ་བ་གཅིག་ནི་ཆོས་ལུགས་ཚང་མ་མཐུན་འབྲེལ་བྱུང་ན་བསམ་སྟེ་འབད་བརྩོན་བྱེད་བཞིན་ཡོད། ངོས་རང་ལྡི་ལི་སོགས་སུ་ཁ་ཆེ་མཆོད་ཁང་དུ་སླེབས་སྐབས་ཞྭ་མོ་དཀར་པོ་འདི་གྱོན་ནས་གུས་ཞབས་དང་སྨོན་ལམ་རྒྱག་གི་ཡོད། དེ་བཞིན་ཇེན་གྱི་ལྷ་ཁང་ལའང་ཕྱིན་ནས་སྨོན་ལམ་བརྒྱབ་པ་ཡིན། ཆོས་ལུགས་ཚང་མ་ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བ་ཡོད་ཀྱང་སེམས་པ་བཟང་པོ་དང་མི་ལ་ཕན་སེམས་བྱེད་དགོས་པའི་བསླབ་བྱ་གཅིག་མཚུངས་རེད། ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བ་ཡོད་པ་རེད། དཔེར་ན། ནང་པ་རང་ལ་ཆ་གཞག་ནའང་ལྟ་གྲུབ་མི་འདྲ་བ་ཡོད། ནང་པའི་ནཱ་ལེནྡྲའི་ལྟ་གྲུབ་ནང་དུ་བྱེ་བྲག་སྨྲ་བ་དང་མདོ་སྡེ་བ། སེམས་ཙམ་པ། དབུ་མ་བ་བཅས་དང་། དབུ་མ་པ་ལའང་ནང་གསེས་ཀྱིས་རང་རྒྱལ་པ་དང་ཐལ་འགྱུར་བ་ཞེས་མི་འདྲ་བ་མང་པོ་ཡོད།  ལྟ་གྲུབ་མི་འདྲ་བ་ཡོང་གི་ཡོད་ཀྱང་ཚང་མས་གཞན་ཕན་སྒྲུབ་རྒྱུ་ནི་གཅིག་མཚུངས་སུ་གསུངས་ཡོད། ངོས་རང་ཆུང་ཆུང་སྐབས་སྐྱེས་ཡུལ་དུ་ཁ་ཆེ་མང་པོ་ཡོད་པ་དང་། ལྷ་སར་སླེབས་རྗེས་ཁ་ཆེའི་ཚོང་པ་དངོས་གནས་ཡག་པོ་དེ་འདྲ་ཡོད། བོད་གཞུང་གི་མཛད་སྒོ་གང་ཡིན་ལ་ལྷ་སའི་ཁ་ཆེ་ཚོ་འཆར་ཅན་ཡོང་གི་རེད། ངོས་ཀྱིས་ཆོས་ལུགས་ཚང་མ་མཐུན་འབྲེལ་ཡོང་བར་ཧ་ཅང་འབད་བརྩོན་བྱེད་བཞིན་ཡོད། དེ་རིང་འདིར་སླེབས་ནས་སྣེ་ལེན་དགའ་བསུ་གནང་བ་དང་། སྨོན་ལམ་མཉམ་དུ་བརྒྱབ་པར་ཧ་ཅང་དགའ་བོ་བྱུང་། ཐུགས་རྗེ་ཆེ། ཞེས་དང་། སྤྱི་ཡོངས་ནས་རྒྱ་གར་གྱི་ཆོས་ལུགས་མཐུན་འབྲེལ་ནི་ངོམ་ཆོག་པ་ཞིག་རེད། ལ་དྭགས་ལ་མཚོན་ནའང་ཆོས་ལུགས་སྣ་ཚོགས་དམ་ཚིག་གཅིག་སྒྲིལ་བྱས་ཏེ་ཧ་ཅང་ཡག་པོ་རེད། སྲིད་དོན་ལྟ་བུའི་ཐོག་ནས་འཐེན་འཁྱེར་བྱེད་པ་ནི་ཡོང་སྲིད་པ་ཞིག་དང་། ཆོས་ལུགས་ཀྱི་ཐོག་ནས་ཕན་ཚུན་འཐེན་འཁྱེར་བྱས་པ་ཡིན་ན་ཧ་ཅང་ཐབས་སྐྱོ་བོ་རེད། ང་ཚོ་ཚང་མར་སེམས་པ་བཟང་པོ་བྱེད་པའི་བསླབ་བྱ་གཅིག་མཚུངས་ཡོད། ཆོས་ལུགས་མཐུན་འབྲེལ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། 

རྡ་རམ་ས་ལར་ཆར་བ་ཤུགས་ཆེན་པོ་ཡོད་པས་ངོས་ཀྱི་པུས་མོ་ཅུང་ཙམ་མ་བདེ་བ་འདུག ལ་དྭགས་ས་སྐམ་པོ་ཡིན་པས་བདེ་བ་འདུག འདིར་ས་གནས་མི་མང་རྣམས་ཆོས་ལུགས་དབྱེ་བ་མེད་པར་ཚང་མས་ངོས་ལ་དགའ་བསུ་བྱེད་བཞིན་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་རྗེས་ཡི་ཤུའི་མཆོད་ཁང་(Moravian Church) དུ་ཆིབས་སྒྱུར་བསྐྱངས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།