༧གོང་ས་མཆོག་ནས་ཐུགས་གསོ་དང་ཞལ་འདེབས་གནང་འདུག
ཉེ་ཆར་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་ས་ཁུལ་ཁག་གཅིག་ལ་ཆར་དུས་སྐབས་སུ་ཆར་ཞོད་ཆེན་པོ་བབས་པའི་རྐྱེན་གྱིས་མི་དང་། ཕྱུགས་ཟོག རྒྱུ་ནོར། འཛུགས་སྐྲུན་སོགས་ལ་གོད་ཆག་ཆེན་པོ་བྱུང་སྟེ་མང་ཚོགས་ལ་དཀའ་ངལ་འཕྲད་བཞིན་ཡོད་སྟབས། ཕྱི་ལོ་ ༢༠༢༢ ཟླ་ ༠༨ ཚེས་ ༢༢ ཉིན་༸གོང་ས་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡཱ་རཱམ་ཐཱ་ཀུར་ (Shri Jai Ram Thakur ) མཆོག་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གསུང་འཕྲིན་ཞིག་བསྩལ་བའི་ནང་འཁོད་དོན། ངོས་ཀྱིས་སྐུ་ཉིད་ལ་ཐུགས་གསོ་དང་། ཆར་ཞོད་གོད་ཆག་གི་རྐྱེན་པས་རྐྱེན་ལམ་དུ་ཤོར་བའི་ནང་མི་ཉེ་འབྲེལ། དེ་བཞིན་གོད་ཆག་ཐེབས་མཁན་ཡོངས་ལ་ཐུགས་སྨོན་ཞུ་རྒྱུ་ཡིན། ངོས་ཀྱིས་ཧི་མཱ་ཅལ་མངའ་སྡེ་དང་ཚོགས་པ་ཁག་གིས་རང་ནུས་གང་ཡོད་ཀྱིས་གོད་ཆག་ཐེབས་མཁན་མི་མང་རྣམས་ལ་སྐྱོབ་གསོ་གནང་དང་གནང་བཞིན་པར་རྗེས་སུ་ཡི་རང་ཞུ་ཡི་ཡོད། སྐུ་ཉིད་ཀྱིས་མཁྱེན་གསལ་ལྟར། འདས་པའི་ལོ་ངོ་ ༦༠ ལྷག་རིང་ཧི་མཱ་ཅལ་མངའ་སྡེ་ནི་ངོས་ཀྱི་སྡོད་གནས་ཆགས་ཡོད་པའི་ཆ་ནས་ངོས་རང་རང་བཞིན་ཀྱིས་ཧི་མཱ་ཅལ་མངའ་སྡེའི་མི་མང་ལ་དམིགས་བསལ་གྱི་མཛའ་བརྩེ་དམ་ཟབ་ཡོང་གི་ཡོད། ཧི་མཱ་ཅལ་མངའ་སྡེའི་མི་མང་དང་། གྲོགས་པོ། དེ་བཞིན་ཁྱིམ་མཚེས་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་དུ་ཏཱ་ལའི་བླ་མའི་ཡིད་ཆེས་དགེ་རྩ་ཚོགས་པའི་ངོས་ནས་རྒུད་སྐྱོབ་ཀྱི་ཆེད་དུ་ཞལ་འདེབས་འབུལ་རྒྱུ་ཡིན། ཞེས་འཁོད་ཡོད་པ་དང་། མཐའ་དོན་༸གོང་ས་མཆོག་གིས་ཐུགས་སྨོན་མཛད་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།