༧གོང་ས་མཆོག་ནས་ཐུབ་བསྟན་གླིང་དགོན་པ་དབུ་འབྱེད་མཛད་འདུག 

༧གོང་ས་མཆོག་ནས་སེམས་བཟང་པོ་དང་བྱང་ཆུབ་སེམས་ཀྱི་ཉམས་ལེན་མེད་པར་ལྷ་བསྒོམ་པ་ཁོ་ནས་ཚོགས་བསག་རྒྱུ་དང་སྒྲིབ་པ་སྦྱང་ཁག་པོ་རེད། རང་དོན་བསྒྲུབ་ནའང་བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ་རེད། གཞན་དོན་བསྒྲུབ་ནའང་བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ་རེད། གསོན་པོའི་རིང་ལ་བྱང་ཆུབ་སེམས་བསྒོམ་རྒྱུ་རེད། འཆི་ཁར་ཡང་བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ་རེད། ཚེ་རབས་ནས་ཚེ་རབས་བྱང་ཆུབ་ཀྱི་སེམས་བསྒོམ་ན་རྟེན་མི་ལུས་བཟང་པོ་ཐོབ་ཀྱི་ཡོད་པས། དེ་ལ་བརྟེན་ནས་རང་ཉིད་གང་དུ་གནས་ཡུལ་གྱི་མི་མང་ཚོར་སེམས་བཟང་པོས་ཕན་ཐོགས་བྱ་རྒྱུ་ཡོང་ངེས་རེད་ཅེས་བཀའ་སློབ་བསྩལ་གནང་འདུག 

ཟླ་༨ པའི་ཚེས་༢༣ ཉིན་༸གོང་ས་མཆོག་གིས་ལ་དྭགས་བདེ་སྐྱིད་ཚལ་དུ་ཆགས་པའི་ཐུབ་བསྟན་གླིང་དགོན་པ་དབུ་འབྱེད་དང་དེར་འདུས་སེར་སྐྱ་མང་ཚོགས་ལ་བཀའ་སློབ་བཀའ་དྲིན་བསྩལ་གནང་འདུག 

དེ་ཡང་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་དོན། དེ་རིང་ཆོས་གྲོགས་དགེ་སློང་འདུལ་བ་འཛིན་པ་རྣམ་པ་ཚོ་དང་། ཁ་ཆེའི་ཆོས་གྲོགས་ཚོ། དེ་བཞིན་ཚང་མ་ལྷན་རྒྱས་ལ་ཞུ་རྒྱུར། ཁྱེད་ཚོ་ཚང་མ་མཁྱེན་གསལ་རེད། རྡ་རམ་ས་ལར་ཆར་པ་ཤུགས་ཆེ་འབབ་ཀྱི་ཡོད་པས་དེ་ལ་གཡོལ་ནས་ལ་དྭགས་ལ་ཡོང་བ་ཡིན། ལ་དྭགས་མི་མང་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ཁ་སང་ཟངས་དཀར་ལ་ཕྱིན་པ་ཡིན། ཟངས་དཀར་མི་མང་ཚོས་ཀྱང་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་རེད། བྱང་ཆུབ་སེམས་ཀྱི་སྡོམ་པ་ཉིན་རེ་བཞིན་དུ་ལེན་མཁན་ཞིག་ཡིན། གཞན་དོན་བསྒྲུབ་རྒྱུ་དེ་ངོས་ཀྱི་ལས་འགན་རེད། ཁ་སང་ཟངས་དཀར་དུ་མི་མང་འབོར་ཆེན་པོ་འཛོམས་ནས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག དེ་བཞིན་གླེ་རུ་འབྱོར་ནས་འདི་གའི་ལ་དྭགས་མི་མང་ཚོས་ཀྱང་དེ་དེ་བཞིན་དད་པ་རྩེ་གཅིག་གནང་གི་ཡོད། 

ངོས་རང་ཤཱཀྱའི་དགེ་སློང་ཞིག་རེད། ཉིན་རེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་མཁན་ཞིག་ཡིན། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། ཞེས་གསུངས་པ་ལྟར་ངོས་ཀྱི་མི་ཚེའི་སྙིང་པོ་གཞན་དོན་བསྒྲུབ་རྒྱུ་དེ་རེད། གཞན་དོན་སྒྲུབ་སྟངས་དེ་ཡང་དཔལ་འབྱོར་ལོངས་སྤྱོད་ཐོག་ནས་གཞན་ལ་རོགས་བྱ་རྒྱུ་དང་སྐྱོབ་གསོ་སྤྲད་རྒྱུ་དེ་ཡག་པོ་རེད་དེ། གཙོ་བོ་ཆོས་ཀྱི་བསླབ་བྱ་བརྒྱུད་ནས་སེམས་ལ་ཞི་བདེ་ཡོང་བ་ཞིག་དགོས། ངོས་ཀྱིས་ཉིན་རེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་པ་བཞིན་ཉིན་རེ་བཞིན་སེམས་ཅན་སུ་ཐུག་པ་ཡིན་ནའང་བསམ་པ་རྣམ་དག་གིས་གཞན་ཕན་གྱི་སྨོན་ལམ་རྒྱག་གི་ཡོད།

ངོས་ཀྱི་བསླབ་བྱ་གཙོ་བོ་ནི། སེམས་བཟང་པོ་བྱེད་དགོས་ཞེས་པ་དེ་ཡིན། ཆོས་ལུགས་ཚང་མས་སེམས་པ་བཟང་པོ་བྱེད་དགོས་པ་གསུང་གི་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ཡིནའང་རེད། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་ཡིན་ནའང་རེད། ཚང་མས་གཞན་ཕན་གྱི་བློ་དང་གཞན་ལ་ཕན་ཐོགས་རྒྱུའི་སྐོར་གསུང་གི་ཡོད། ངོས་རང་ས་ཆ་ག་པར་སླེབས་ནའང་སེམས་པ་བཟང་པོ་བྱེད་དགོས་པ་ཤོད་ཀྱི་ཡོད། དེ་རིང་གཙུག་ལག་ཁང་འདིར་མི་མང་པོ་འཛོམས་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཁྱེད་རང་ཚོས་དེ་དེ་བཞིན་འདོན་པ་འདོན་རྒྱུ་དང་། སྔགས་བགྲང་རྒྱུ། ལྷ་བསྒོམ་རྒྱུ་ལྟ་བུ་རྣམས་གལ་ཆེན་པོ་རེད་དེ། འོན་ཀྱང་དེ་ཐམས་ཅད་སེམས་རྒྱུད་བཟང་པོས་ཟིན་པ་ཞིག་དང་། བྱང་ཆུབ་ཀྱི་སེམས་བཅོས་མ་ཚུན་ཆད་ཀྱིས་གསོས་བཏབ་ནས་དེའི་ཐོག་ནས་ལྷ་བསྒོམ་རྒྱུ་དང་སྔགས་བགྲང་རྒྱུ་གལ་ཆེན་པོ་རེད། སེམས་བཟང་པོ་དང་བྱང་ཆུབ་སེམས་ཀྱི་ཉམས་ལེན་མེད་པར་ལྷ་བསྒོམ་པ་ཁོ་ནས་ཚོགས་བསག་རྒྱུ་དང་སྒྲིབ་པ་སྦྱང་ཁག་པོ་རེད། རང་དོན་བསྒྲུབ་ནའང་བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ་རེད། གཞན་དོན་བསྒྲུབ་ནའང་བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ་རེད། གསོན་པོའི་རིང་ལ་བྱང་ཆུབ་སེམས་བསྒོམ་རྒྱུ་རེད། འཆི་ཁ་ལ་མོར་ཡང་བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ་རེད། ཚེ་རབས་ནས་ཚེ་རབས་བྱང་ཆུབ་ཀྱི་སེམས་བསྒོམ་ན་རྟེན་མི་ལུས་བཟང་པོ་ཐོབ་ཡོད་པས། དེ་ལ་བརྟེན་ནས་རང་ཉིད་གང་དུ་གནས་ཡུལ་གྱི་མི་མང་ཚོར་སེམས་བཟང་པོས་ཕན་ཐོགས་བྱ་རྒྱུ་ཡོང་ངེས་རེད། སངས་རྒྱས་ཀྱི་བསྟན་པ་ཡིན་ནའང་འདྲ། ཁ་ཆེའི་ཆོས་ཡིན་ནའང་འདྲ། ང་ཚོ་ཚང་མས་སེམས་པ་བཟང་པོ་བྱེད་དགོས། ང་ཚོ་ནང་པའི་ངོས་ནས་བཤད་ན་བོད་གངས་ཅན་གྱི་ལྗོངས་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཆགས་ཡོད། ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་རེད། བོད་ལ་ཆ་བཞག་ན། བྱིས་པ་ཆུང་དུས་ནས་མ་ཎི་བགྲང་རྒྱུ་དང་འབུ་གསད་རྒྱུར་འཛེམས་ཟོན་བྱས་ཏེ་ཆུང་དུས་ནས་མིག་ལྟོས་བཟང་པོ་དེ་འདྲ་ཡོད། ཧི་མ་ལ་ཡ་རི་རྒྱུད་ཡིན་ནའང་བོད་གངས་ཅན་གྱི་ལྗོངས་ཀྱི་གོམས་གཤིས་བཟང་པོའི་གཤིས་ཀ་ཡོད་པ་རེད། རང་བཞིན་གྱིས་དེ་ལྟ་བུའི་གཤིས་ཀ་ཡོད་པའི་སྟེང་ལ་ཆོས་ཀྱི་བསླབ་བྱ་ཐེབས་ཡོད། 

ཏཱ་ལའི་བླ་མ་ཞེས་པ་དེ་བོད་གངས་ཅན་གྱི་ལྗོངས་ལ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་རེད། ངོས་རང་ཆུང་དུས་སྐབས་ལྷ་སར་ཡོད་པའི་ཁ་ཆེའི་གྲོགས་པོ་རྣམས་གཞུང་གི་མཛད་སྒོ་ཚང་མར་ཡོང་གི་ཡོད། བྷ་ཧི་ལགས་ཞེས་འབོད་ཀྱི་ཡོད། ལྷ་སར་ཡོད་པའི་ཁ་ཆེའི་གྲོགས་པོ་ཚོ་ཞི་ཞིང་འདུལ་བ་ཡོད། འཁྲུགས་པ་བརྒྱབ་ཟེར་བ་ཁྱོན་ནས་གོ་རྒྱུ་མེད། ཁ་སང་ངོས་ཀྱིས་ལྷ་སའི་ཁ་ཆེ་འགའ་ཤས་ཐུག་པ་ཡིན། དེའི་ནང་ནས་ཨ་མ་ལགས་ཤིག་གིས་ལྷ་སའི་སྐད་གཙང་མ་རྒྱག་གི་འདུག བོད་གངས་ཅན་གྱི་ལྗོངས་སུ་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། ངོས་ཀྱི་ལས་འགན་དེ་བོད་གངས་ཅན་གྱི་ལྗོངས་ཀྱི་ཆབ་སྲིད་ཀྱི་རང་དབང་རེད་དེ། དེའི་འགྲོ་སྟངས་ལ་ངོས་ཀྱིས་དབུ་མའི་ལམ་ཞེས་པ་ཁ་བྲལ་མིན་པར་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་ཁོངས་སུ་བསྡད། འོན་ཀྱང་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་དགོས་ཞེས་ཤོད་ཀྱི་ཡོད། དབུ་མའི་ལམ་ཟེར་བ་དེ་རེད། མཐའ་གཅིག་ཏུ་རང་བཙན་རྩོད་མི་དགོས་པ་དང་། ད་ལྟ་ནང་བཞིན་རྒྱ་མི་གུང་ཁྲན་གྱི་གདུག་རྩུབ་ཆེ་བའི་སྲིད་བྱུས་དེའང་མེད་པ་རང་སྐྱོང་ཚད་ལྡན་ཞིག་དགོས། གལ་ཆེ་ཤོས་དེ་བོད་ཀྱི་ཆོས་དང་རིག་གཞུང། སྐད་ཡིག་བདག་པོ་ཡག་པོ་བརྒྱབ་ཐུབ་པའི་ཆེད་ངོས་ཀྱིས་དབུ་མའི་ལམ་ཞེས་པ་བཤད་པ་ཡིན་ཞེས་སོགས་ཀྱི་བཀའ་སློབ་བསྩལ་གནང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།  

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།