༧གོང་ས་མཆོག་ནས་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་ཚན་རིག་པ་རྣམས་ལ་འཚམས་འདྲི་མཛད་གནང་འདུག
ཟླ་༡༠ པའི་ཚེས་ ༤ ཉིན་སུ་ཝི་ཌན་གྱི་ཚན་རིག་ཤེས་ཡོན་བསྟི་གནས་ཁང་དང་ནོ་སྦེལ་གཟེངས་རྟགས་འདེམས་སྒྲུག་ཚོགས་ཆུང་གིས། འདི་ལོའི་ནོ་སྦེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཐོབ་མཁན་ཨ་རི་ནས་ཡིན་པའི་སྐུ་ཞབས་ཇོན་ཁི་ལོ་སེར་ (John F. Clauser)དང་། ཧྥ་རན་སི་ནས་ཡིན་པའི་སྐུ་ཞབས་ཨེ་ལིན་ (Alain Aspect) ། ཨོ་སི་ཀྲོ་ལི་ཡ་ནས་ཡིན་པའི་སྐུ་ཞབས་ཨན་ཊོན་ཛི་ལིང་གྷར་ (Anton Zeilinger)བཅས་ཀྱི་མཚན་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་ལྟར། ཟླ་༡༠ པའི་ཚེས་༥ ཉིན་་༸གོང་ས་མཆོག་གིས་ཚན་རིག་པ་གསུམ་ལ་དགའ་བསུའི་འཚམས་འདྲི་མཛད་པའི་ནང་འཁོད་དོན། སྐུ་ཞབས་ཇོན་ཁི་ལོ་སེར་ (John F. Clauser) ལགས་དང་སྐུ་ཞབས་ཨེ་ལིན་ (Alain Aspect) ལགས། ངོས་ཀྱི་གྲོགས་པོ་སྐུ་ཞབས་ཨན་ཊོན་ཛི་ལིང་གྷར་ (Anton Zeilinger) ལགས་བཅས་ཚན་རིག་པ་གསུམ་གྱིས་ཚོད་ལྟའི་ཡོ་བྱད་འཕེལ་རྒྱས་སུ་བཏང་སྟེ་དུས་རབས་གསར་པའི་ཚད་རྡུལ་འཕྲུལ་རིག་གི་རྨང་གཞི་བཏིང་གནང་བར་བརྟེན། ཁོང་རྣམ་པ་གསུམ་ལ་འདི་ལོའི་ནོ་སྦེལ་དངོས་ཁམས་རིག་པའི་གཟེངས་རྟགས་གནང་ཡོད་པ་ཤེས་རྟོགས་བྱུང་བས། ངོས་རང་ཧ་ཅང་དགའ་པོ་བྱུང་། ངོས་ཀྱིས་ཁོང་རྣམ་པས་ཞིབ་འཇུག་གིས་གསར་གཏོད་གནང་བར་འཚམས་འདྲི་ཞུ་རྒྱུ་ཡིན།
ངོས་ཀྱིས་ཕལ་ཆེར་འདས་པའི་ལོ་ངོ་བཅུ་ཕྲག་བཞི་ལྷག་གི་རིང་ཚན་རིག་པ་ཚོ་དང་མཉམ་དུ་གོ་བསྡུར་ཞུས་པའི་ཁྲོད་ནས་ཚན་རིག་པ་ཨན་ཊོན་ཛི་ལིང་གྷར་ལགས་དང་ལྷན་ཚད་རྡུལ་དངོས་ཁམས་རིག་པའི་སྐོར་དོན་ཕན་ལྡན་པའི་གོ་བསྡུར་ཞུས་མྱོང་ཡོད། ང་ཚོ་ཕྱི་ལོ་ ༡༩༩༧ ལོར་རྡ་སར་ཐུག་འཕྲད་བྱུང་། དེ་རྗེས་ཕྱི་ལོ་ ༡༩༩༨ ལོར་ངོས་རང་ཨིན་སི་བྷི་རུག་གཙུག་ལག་སློབ་གཉེར་ཁང་(University of Innsbruck) དུ་ཡོད་པའི་ཁོང་གི་ཚན་རིག་བརྟག་དཔྱད་ཁང༌དུ་ལྟ་སྐོར་འགྲོ་མྱོང་ཡོད།
དེ་ནས་རྡ་སར་སེམས་དང་སྲོག་གི་བགྲོ་གླེང་རིམ་པ་ཚོགས་སྐབས་ཁོང་དང་ཐུག་འཕྲད་བྱུང་། ངོས་ཀྱིས་དེང་རབས་ཚན་རིག་ལ་ཧ་ཅང་བརྩི་བཀུར་ཞུ་ཡི་ཡོད་པ་ཙམ་མ་ཟད། དེང་རབས་ཚན་རིག་གིས་དངོས་ཡོད་གནས་ཚུལ་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་དང་། དེ་བཞིན་འགྲོ་བ་མིའི་རིན་ཐང་གི་ལྟ་བ་ལའང་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་པའི་སྐོར་ངོས་ཀྱིས་བསམ་བློ་གཏིང་ཟབ་གཏོང་གི་ཡོད།
སྐུ་ཞབས་ཨན་ཊོན་ཛི་ལིང་གྷར་ལགས་དང་ཁོང་གི་ཕྱག་རོགས་རྣམས་ཀྱིས་འགྲོ་བ་མིའི་རིགས་ཡོངས་ལ་ཧ་ཅང་ཕན་ཐོགས་ཐུབ་པའི་ཕྱག་ལས་གནང་སྟབས་ཁོང་རྣམ་པ་གསུམ་ལ་འདི་ལོའི་ནོ་སྦེལ་དངོས་ཁམས་རིག་པའི་གཟེངས་རྟགས་གནང་བར་ངོས་རང་དགའ་པོ་བྱུང་ཞེས་གསུངས་གནང་འདུག
༸གོང་ས་མཆོག་གིས་སྐུ་ཞབས་ཨན་ཊོན་ཛི་ལིང་གྷར་ལགས་ལ་ཟུར་དུ་འཚམས་འཕྲིན་བསྩལ་གནང་ཡོད་པ་མ་ཟད། ཁོང་གི་བྱ་གཞག་ཐབས་ཅད་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཛད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།