༧གོང་ས་མཆོག་ནས་བྱམས་སྙིང་རྗེའི་ཉམས་ལེན་ལ་དོ་སྣང་ཆེ་ཙམ་སྤྲོད་དགོས་པའི་དུས་ལ་བབ་ཡོད་ཅེས་གསུངས་འདུག  

གོང་ས་མཆོག་ནས་བྱམས་སྙིང་རྗེ་དར་འཕེལ་གཏོང་བར་དེས་འདང་གི་མེད། ད་ནི་བྱམས་སྙིང་རྗེའི་ཉམས་ལེན་ལ་དོ་སྣང་ཆེ་ཙམ་སྤྲོད་དགོས་པའི་དུས་ལ་བབ་ཡོད་ཅེས་དང་། བྱམས་སྙིང་རྗེ་ལ་བརྟེན་ནས་ནང་སེམས་ཀྱི་ནུས་པ་འཕེལ་གྱི་ཡོད་པ་མ་ཟད། དེ་ལ་བརྟེན་ནས་སྤྱི་ཚོགས་ཡོངས་འཆམ་མཐུན་ངང་མཉམ་གནས་ཐུབ་ཅེས་སོགས་ཀྱི་བཀའ་སློབ་བསྩལ་གནང་འདུག 

ཟླ་༨ པའི་ཚེས་༢༣ ཉིན་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་དང་ལ་དྭགས་དབུས་འཛིན་མངའ་ཁུལ་ཐུན་མོང་ནས་༸གོང་ས་མཆོག་ལ་དགྱེས་སྟོན་གུང་ཚིགས་འདེགས་འབུལ་དང་མགོན་པོ་མཆོག་གིས་དེར་འདུས་གནད་ཡོད་མི་སྣ་རྣམས་ལ་བཀའ་སློབ་བཀའ་དྲིན་བསྩལ་གནང་འདུག

༧གོང་ས་མཆོག་ནས་བཀའ་སློབ་བསྩལ་དོན་ལ། ངོས་ཀྱིས་འགྲོ་བ་མི་ཐེར་འབུམ་བདུན་དེ་འགྲོ་བ་མིའི་རིགས་གཅིག་པར་ངོས་འཛིན་བྱེད་ཀྱི་ཡོད། གཅིག་མཚུངས་སྐྱེས་པ་རེད་ལ་གཅིག་མཚུངས་འཆི་རྒྱུ་རེད། ང་ཚོའི་མི་ཚེ་ཨ་མའི་བྱམས་བརྩེའི་འོག་ནས་འགོ་ཚུགས་ཀྱི་ཡོད། འཆི་བའི་སྐབས་རང་ཉིད་ཀྱི་ཡིད་ཆེས་བློས་ཐུབ་ཀྱི་གྲོགས་པོས་བསྐོར་ནས་བརྩེ་བ་སྟོན་གྱི་ཡོད་ན་ཁྱེད་རང་སྐྱིད་པོ་ཚོར་ངེས་རེད།

ང་ཚོ་འགྲོ་བ་མི་རྣམས་ནི་སྤྱི་ཚོགས་ལ་བརྟེན་ཡོད། སྤྱི་ཚོགས་དང་བྲལ་ནས་རི་ཁྲོད་འགྲིམས་མཁན་གྱི་སྐྱེས་བུ་རྗེ་བཙུན་མི་ལ་རས་པ་ལྟ་བུ་ཡིན་ན་ནང་སེམས་ལ་ནུས་པ་བྱེ་བྲག་པ་ཡོད། ཁོང་ཚོས་ཐད་ཀར་ཆགས་བྲལ་ཉམས་ལེན་གནང་གི་ཡོད། དེ་མ་ཡིན་ན་ང་ཚོ་མིའི་སྤྱི་ཚོགས་སུ་གནས་དགོས། མིའི་མི་ཚེ་ནང་གལ་ཆེ་ཤོས་ནི་རྒྱ་གར་གྱི་རིག་གཞུང་ནང་ཐོན་པའི་བྱམས་སྙིང་རྗེ་དེ་ཡིན། བྱམས་སྙིང་རྗེ་ལ་བརྟེན་ནས་ནང་སེམས་ཀྱི་ནུས་པ་འཕེལ་གྱི་ཡོད་པ་མ་ཟད། དེ་ལ་བརྟེན་ནས་སྤྱི་ཚོགས་ཡོངས་འཆམ་མཐུན་ངང་མཉམ་གནས་ཐུབ། ཁོང་ཁྲོས་སེམས་ལ་གནོད་ཀྱི་ཡོད།  ད་ཆ་འགྲོ་བ་མི་ཐེར་འབུམ་བདུན་ལ་དངོས་གནས་དྲང་གནས་བྱམས་སྙིང་རྗེའི་ཉམས་ལེན་དགོས་ཀྱི་འདུག དུས་རབས་གོང་མ་དང་དུས་རབས་འདིའི་འགོ་སྟོད་ལ་བདག་འཛིན་རང་ཤེད་ཆེ་དྲགས་ནས་དམག་གི་སྟོབས་ཤུགས་དང་གོ་ཆ་ཡར་རྒྱས་མཁོ་སྒྲུབ་ཀྱིས་ཕན་ཚུན་གསོད་རེས་བཏང་ཡོད། དེ་ནི་འགྲོ་བ་མིའི་རང་བཞིན་དང་འགལ་བ་རེད། དེས་ན། བདེ་སྐྱིད་ལྡན་པའི་མིའི་སྤྱི་ཚོགས་ཤིག་ཡོང་བར་བྱམས་སྙིང་རྗེ་ནི་ཧ་ཅང་དགོས་གལ་ཆེན་པོ་ཆགས་ཡོད། 

བདག་ཉིད་ཆེན་པོ་གྷན་རྡི་མཆོག་གིས་འཚེ་མེད་ཞི་བའི་དྲིལ་བསྒྲགས་དང་ཉམས་ལེན་གནང་ཡོད། བྱམས་སྙིང་རྗེ་དར་འཕེལ་གཏོང་བར་དེས་འདང་གི་མེད། ད་ནི་བྱམས་སྙིང་རྗེའི་ཉམས་ལེན་ལ་དོ་སྣང་ཆེ་ཙམ་སྤྲོད་དགོས་པའི་དུས་ལ་བབ་ཡོད། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་རྒྱ་གར་གྱི་བྱམས་སྙིང་རྗེ་དང་འཚེ་བ་མེད་པའི་ལྟ་གྲུབ་དེ་དག་ཤེས་ཡོན་གི་ཆ་ཤས་སུ་ངོས་འཛིན་བྱེད་དགོས། བྱིས་པ་ཆུང་དུས་ཨ་མ་དང་མཉམ་དུ་ཡོད་དུས་བྱམས་བརྩེའི་ཚོར་བ་ཡོད། དེ་རྗེས་སློབ་གྲྭར་འཛུལ་རྗེས་དེའི་སྐོར་དེ་ཙམ་སློབ་ཀྱི་མེད། ངོས་རང་རྗེས་སུ་ལྡི་ལིར་བསྐྱོད་སྐབས་གཙུག་ལག་སློབ་དཔོན་ཁག་དང་ལྷན་དུ་དེང་རབས་ཀྱི་སློབ་གྲྭར་གནའ་བོའི་རྒྱ་གར་གྱི་རིག་གཞུང་བྱམས་སྙིང་རྗེ་སོགས་ཀྱི་སྐོར་བསླབ་གཞིར་འཇོག་རྒྱུའི་ཐད་གྲོས་བསྡུར་བྱ་རྒྱུ་ཡིན།

དེང་སྐབས་ཀྱི་རྒྱ་གར་གྱི་ཤེས་ཡོན་ལམ་ལུགས་ནུབ་ཕྱོགས་ནས་དར་བས་གནའ་བོའི་རྒྱ་གར་གྱི་རིག་གཞུང་ཐད་གོ་རྟོགས་དེ་ཙམ་མེད། ད་ཆ་ང་ཚོའི་སློབ་གྲྭ་ཁག་ཏུ་བྱམས་སྙིང་རྗེའི་སློབ་ཚན་ཁྲིད་རྒྱུའི་ཐད་བསམ་བློ་གཏོང་དགོས། དེའང་ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་སློབ་ཁྲིད་བྱེད་དགོས་པ་ཡིན། རྒྱ་གར་གྱིས་དེང་རབས་ཤེས་ཡོན་དང་གནའ་བོའི་ཤེས་ཡོན་ཟུང་སྦྲེལ་བཟོ་ཐུབ་ཀྱི་རེད། ངོས་ཀྱིས་དེ་ལྟར་བསམ་གྱི་ཡོད་ཅེས་བཀའ་སློབ་བསྩལ་གནང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།