༧གོང་ས་མཆོག་ནས་བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་མཛད་གནང་འདུག
༧གོང་ས་མཆོག་ནས་སློབ་ཕྲུག་ཕོ་མོ་ཚོ་ཡིན་ནའང་རིགས་ལམ་ལ་དོ་སྣང་བྱ་རྒྱུ་དེ་ཆོས་ཀྱི་སྐད་ཆ་ཙམ་མ་ཡིན་པར་མིའི་རྣམ་དཔྱོད་གོང་ནས་གོང་དུ་སྤེལ་རྒྱུའི་དོན་དུ་གལ་ཆེན་པོ་ཆགས་ཡོད། ཆོས་ལུགས་ནང་པ་དང་། ཁ་ཆེ། ཧིན་རྡུ། ཇེན་སོགས་གང་ཡིན་ནའང་དེ་ནི་གནས་ཚུལ་ཁག་ཁག་དང་སོ་སོ་སྒེར་གྱི་དོན་དག་རེད། རིགས་ལམ་བསླབ་རྒྱུ་དེ་བློ་གསལ་དུ་འགྲོ་རྒྱུར་ཧ་ཅང་ཁྱད་པར་ཡོད་ཅེས་བཀའ་སློབ་བསྩལ་གནང་སོང་།
ཟླ་༨ ཚེས་ ༡༠ ཉིན་༸གོང་ས་མཆོག་ལ་དྭགས་ལིང་དགོན་དབྱར་ཆོས་ཆེན་མོའི་མཇུག་སྡོམ་མཛད་སྒོའི་ཚོགས་མགོན་དུ་ཆིབས་སྒྱུར་གྱིས་ས་གནས་མི་མང་ལ་བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་མཛད་གནང་འདུག
སྐབས་དེར་༧གོང་ས་མཆོག་ནས་རིགས་ལམ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ་དོན། ཁྱེད་རང་ཚོ་ལ་དྭགས་ལིང་ཤེད་དགོན་གྱི་དབྱར་ཆོས་ཆེན་མོ་འཚོག་གི་ཡོད། ཁྱེད་རང་ཚོ་དགོན་པ་གྲྭ་ཚང་ཚོས་སོ་སོའི་འཆར་ཅན་གྱི་འདོན་པ་འདོན་རྒྱུ་ཙམ་མ་ཡིན་པར་སློབ་སྦྱོང་ཕྲན་བུ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ལ་དྭགས་དགོན་ཁག་ཚོས་དཔེ་ཆ་བལྟ་རྒྱུར་དོ་སྣང་ཆེན་པོ་ཡོད་པར་དགའ་བསུ་ཡོད། ཧ་ཅང་ཡག་པོ་རེད། དེ་བཞིན་སློབ་ཕྲུག་ཕོ་མོ་ཚོ་ཡིན་ནའང་རིགས་ལམ་ལ་དོ་སྣང་བྱ་རྒྱུ་དེ་ཆོས་ཀྱི་སྐད་ཆ་ཙམ་མ་ཡིན་པར་མིའི་རྣམ་དཔྱོད་གོང་ནས་གོང་དུ་སྤེལ་རྒྱུའི་དོན་དུ་གལ་ཆེན་པོ་ཆགས་ཡོད། ཆོས་ལུགས་ནང་པ་དང་། ཁ་ཆེ། ཧིན་རྡུ། ཇེན་སོགས་གང་ཡིན་ནའང་དེ་ནི་གནས་ཚུལ་ཁག་ཁག་དང་སོ་སོ་སྒེར་གྱི་དོན་དག་རེད། རིགས་ལམ་བསླབ་རྒྱུ་དེ་བློ་གསལ་དུ་འགྲོ་རྒྱུར་ཧ་ཅང་ཁྱད་པར་ཡོད། ཐོག་མར་ང་ཚོ་རྒྱ་གར་དུ་སླེབས་མ་ཐག་ཏུ་ནེཧ་རུ་ལ་ང་ཚོ་བོད་པ་ཚོར་རིག་གཞུང་རྙིང་ཁུངས་དང་ལྡན་པའི་སྐད་ཡིག་ཅིག་ཟུར་དུ་ཡོད། དེས་ན་ང་ཚོ་བོད་ཕྲུག་ཚོས་རྒྱ་གར་དུ་བོད་ཡིག་བསླབ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་འདུག ཅེས་ཞུས་པ་ཡིན། ནེཧ་རུས་དེ་ལ་རྒྱབ་སྐྱོར་གཙང་མ་གནང་བྱུང་། སློབ་གྲྭ་ཁག་ལ་འགོ་སྟོད་ང་ཚོས་ཆོས་དགེ་ཞེས་པའི་མིང་ཁྱེར་ཏེ་སྐྱབས་འགྲོ་སེམས་བསྐྱེད་ལྟ་བུ་འཁྲིད་མཁན་ཞིག་བྱུང་སོང་། ངོས་ཀྱིས་དེ་འགྲིག་གི་མི་འདུག ལྟ་གྲུབ་དགེ་རྒན་ཟེར་དགོས་འདུག་ཅེས་བརྗོད་པ་ཡིན། གང་ལྟར་ཆོས་ཀྱི་ཐོག་ལ་ནང་པ་ཡིན་ནའང་འདྲ་མིན་ནའང་འདྲ། ཆོས་ལ་དད་པ་མེད་ནའང་འདྲ། དེ་གནས་ཚུལ་ཁག་ཁག་རེད། ང་ཚོ་བོད་ཀྱི་རིག་གཞུང་དཔལ་ནཱ་ལེན་ཌའི་ཕྱག་སྲོལ་རིགས་ལམ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ང་ཚོས་རྒྱུན་འཛིན་བྱས་ཡོད་པ་དེ་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་བྱ་རྒྱུ་ངོས་ཀྱི་ལས་འགན་ཆེན་པོ་ཞིག་ཏུ་བརྩིས་པ་ཡིན། བྱས་ཙང་ཆོས་དགེའི་ཚབ་ཏུ་ལྟ་གྲུབ་དགེ་རྒན་ཞེས་མིང་བཏགས་པ་ཡིན་ཞེས་གསུངས་སོང་།
དེ་བཞིན་གོང་ས་མཆོག་ནས་སེམས་བཟང་པོ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ་དོན། ལྟ་གྲུབ་དང་འབྲེལ་བའི་ཆོས་དད་དེ་ལ་རྨོངས་དད་ཅེས་བརྗོད་མི་ཤེས། རྒྱུ་མཚན་གང་ཡང་མེད་པར་སྐྱབས་སུ་མཆི་ཞེས་ཟེར་ན་རྨོངས་དད་ཆགས་ཀྱི་ཡོད། རྒྱུ་མཚན་མང་པོ་བསམ་བློ་བཏང་ནས་དད་པ་སྐྱེས་པ་ཡིན་ན་རྨོངས་དད་མ་ཡིན། རྒྱུ་མཚན་མང་པོ་བསམ་བློ་བཏང་ནས་ཕྱོགས་བསྡོམས་སྙིང་པོ་མཐར་ཐུག་ན་སེམས་ལ་བྱམས་བརྩེ་དགོས་ཞེས་པ་དེ་རེད། སེམས་ལ་བྱམས་བརྩེ་ཡོད་ན་སོ་སོའི་ལུས་བདེ་བ། སེམས་སྐྱིད་པ། རང་ཉིད་མིའི་སྤྱི་ཚོགས་ནང་ལ་ཡོད་ཅིང་། མིའི་སྤྱི་ཚོགས་ཞེས་པ་གཅིག་གིས་གཅིག་ལ་བརྟེན་ནས་བསྡད་ཡོད། སྐྱེས་པ་ཉིད་ནས་མིའི་ལྷན་སྐྱེས་ལ་ཕན་ཚུན་བརྩེ་བ་བྱ་རྒྱུ་ཡོད་པ་རེད། འདི་དག་ལ་ཚེ་ཕྱི་མ་དང་ཐར་པ་ཐམས་ཅད་མཁྱེན་པའི་སྐད་ཆ་མེད། ཆོས་ཁས་མི་ལེན་མཁན་ཞིག་ཡིན་ནའང་མི་ཚེ་འདི་སྐྱིད་པོ་ཡོང་བར་སེམས་བཟང་པོ་བྱ་རྒྱུ་གལ་ཆེ། ཆོས་ལུགས་ནང་ནས་འཇིག་རྟེན་བཀོད་པ་པོ་ཁས་ལེན་མཁན་ཞིག་ཡིན་ནའང་འཇིག་རྟེན་བཀོད་པ་པོ་བྱམས་བརྩེའི་བདག་ཉིད་ཅན་ཞིག་རེད། ང་ཚོ་དེས་བཀོད་པ་ཡིན་དུས་བྱམས་བརྩེ་དགོས་ཞེས་ཟེར། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་ལ་ཆ་བཞག་ནའང་བདག་ཉིད་བདག་གི་མགོན་ཞེས་སོ་སོའི་མ་འོངས་པའི་བདེ་སྡུག་དེ་རང་གི་ལག་པར་ཡོད། བདེ་སྐྱིད་ཡོང་རྒྱུ་དང་སྡུག་བསྔལ་སྤོང་རྒྱུའི་རྩ་བ་ལྟ་བུ་དེ་སེམས་བཟང་པོ་བྱ་རྒྱུ་དེ་རེད་ཅེས་གསུང་གི་ཡོད། སེམས་བཟང་པོ་བྱ་རྒྱུ་དེ་ཆོས་ལུགས་ཚང་མའི་བསླབ་བྱ་གཙོ་བོ་རེད་ལ། འཇིག་རྟེན་མི་ཆོས་ཀྱི་ཆ་ནས་བརྩིས་པ་ཡིན་ནའང་སེམས་བཟང་པོ་བྱ་རྒྱུ་དེ་རྩ་བ་རེད་འདུག ཆོས་ལུགས་ཚང་མས་སེམས་པ་བཟང་པོ་བྱེད་དགོས། ཡ་རབས་བྱེད་དགོས། མི་ལ་འཚེ་བ་བྱ་རྒྱུ་མེད་ཅེས་གསུང་གི་ཡོད། སངས་རྒྱས་པའི་ཆོས་ལ་བཅོམ་ལྡན་འདས་ཁོང་རང་གིས། དགེ་སློང་བདག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་སེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་གསུངས་པ་མི་འདྲ་བ་ཞིག་རེད་འདུག བཅོམ་ལྡན་འདས་ཀྱིས་ངོས་ཀྱིས་ཆོས་བཤད་པ་འདི་ཁྱེད་ཚོས་ང་ལ་དད་པ་བྱས་ནས་ཁས་ལེན་བྱེད་མི་དགོས། ངས་གསུངས་པ་རྣམས་ལ་ཁྱེད་རང་ཚོས་རིགས་པས་བརྟག་དཔྱད་བྱས་ནས་རིགས་པའི་གནོད་པ་ཡོད་ན་ཁས་ལེན་མི་དགོས། རིགས་པའི་གནོད་པ་མེད་ན་ཁས་ལེན་དང་ཡིད་ཆེས་བྱོས་གསུངས། དེ་རླབས་ཆེན་པོ་རེད་ཅེས་གསུངས་འདུག
གཞན་ཡང་མགོན་པོ་གང་ཉིད་མཆོག་གིས་མུ་མཐུད། ང་ཚོས་ཁ་ནས་ཞི་བདེ་ཞེས་བརྗོད་ཀྱི་ཡོད། དེ་བདེན་པ་རེད། ཞི་བདེ་མེད་ན་འཛམ་གླིང་ཡར་རྒྱས་འགྲོ་རྒྱུ་དང་གཅིག་གིས་གཅིག་ལ་རོགས་བྱ་རྒྱུ་ཡོང་གི་མ་རེད། བྱས་ཙང་ང་ཚོས་འཛམ་གླིང་ཞི་བདེ་ཞེས་པ་དེ་རྒྱུ་མཚན་ལྡན་པ་རེད། ཞི་བདེ་སྨོན་ལམ་བརྒྱབ་ནས་ཡོང་ཁག་པོ་རེད། སེམས་ཆགས་སྡང་གི་གཞན་དབང་ལ་ཕྱིན་པ་ཡིན་ན་ཞི་བདེ་དཀྲུག་གི་རེད། དེས་ན་ང་ཚོས་སེམས་པ་བཟང་པོ་བྱེད་དགོས། ཀུན་ལ་ཕན་སེམས་བྱེད་དགོས། ཀུན་ལ་བརྩེ་བ་བྱེད་དགོས་ཟེར་བ་དངོས་གནས་དྲང་གནས་ཞི་བདེའི་རྩ་བ་ལྟ་བུ་ཆགས་ཡོད། ཞི་བདེ་ཞེས་པ་ཆགས་སྡང་གི་གཞན་དབང་དུ་བཏང་ནས་རང་རྒྱལ་གཞན་ཕམ་ལ་འགྲོ་དུས་འཛམ་གླིང་ནང་དམག་འཁྲུག་མང་པོ་བྱུང་། འཛམ་གླིང་ཞི་བདེ་ཡོང་བར་སེམས་བྱམས་བརྩེ་ལྡན་པ་ཞིག་བྱུང་ན་དངོས་གནས་ཞི་བདེ་ཡོང་གི་རེད། དེ་ཡང་འཛམ་གླིང་སྟེང་གི་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་ཚང་མ་མི་གཅིག་གྱུར་ཡིན་བསམ་ནས་གཅིག་གིས་གཅིག་ལ་བརྩེ་བ་དང་རོགས་བྱེད་དགོས། འཛམ་གླིང་ཤར་ཕྱོགས་པ་ཡིན་ནའང་ནུབ་ཕྱོགས་ལ་བརྟེན་བཞིན་ཡོད། འཛམ་གླིང་བྱང་མ་ཡིན་ནའང་ལྷོ་མར་བརྟེན་ཡོད། དེ་ལྟར་འཛམ་གླིང་གི་མི་ཚང་མ་གཅིག་གྱུར་རེད། དེ་སྔ་ང་ཚོས་ངའི་རྒྱལ་ཁབ། ངའི་གཞུང་། ངའི་ལྟ་གྲུབ་ལྟ་བུ་ཟེར་བ་ལྟ་བུ་བཤད་ནས་འཐེན་ཁྱེར་བྱེད་ཀྱི་ཡོད། དེའི་དུས་ཚོད་ཡོལ་ཟིན་པ་རེད། ད་ང་ཚོ་མི་གཅིག་གྱུར་གྱི་འདུ་ཤེས་བཞག་ནས་བརྩེ་བ་བྱེད་དགོས། ཆོས་ལུགས་འདྲ་མིན་ཡོད་པ་སོ་སོ་སྒེར་གྱི་དོན་དག་རེད། དེ་ཙམ་མ་ཟད་ང་ཚོའི་འཛམ་གླིང་གི་ཁོར་ཡུག་ལ་ཉེན་ཁ་གསར་པ་ཞིག་སླེབ་ཀྱི་ཡོད། དེས་ན་ཤིང་སྣ་འདེབས་འཛུགས་ལ་ཤུགས་རྒྱག་དགོས། དེ་ལ་ཆོས་ལུགས་ཀྱི་སྐད་ཆ་མེད། མི་ཚང་མ་འཛམ་གླིང་འདིའི་སྟེང་འཚོ་ནས་བསྡད་དགོས་དུས་སྔོ་ལྗང་ལྡན་པའི་ཁོར་ཡུག་ཅིག་ཡོད་ན་ང་ཚོ་ཚང་མར་ཕན་གྱི་རེད། ཕལ་ཆེར་གནམ་གཤིས་ལའང་ཕན་གྱི་ཡོད། ང་ཚོས་སྤྱི་སེམས་ཞིག་ཁྱེར་ནས་སྤྱི་པའི་དོན་ལ་བསམ་བློ་མང་ཙམ་བཏང་ན་སྒེར་དོན་འགྲིག་གི་རེད། སོ་སོ་གཅིག་པུ་བསམ་བློ་བཏང་བསྡད་ན་འཛམ་གླིང་སྤྱི་ལ་གྱོང་རག་གི་རེད་ཅེས་དང་། དེང་སྐབས་སློབ་གྲྭ་ཁག་ཏུ་བྱམས་བརྩེ་དང་འབྲེལ་བའི་བསླབ་གཞི་གཞག་རྒྱུ་གལ་གནད་ཆེན་པོ་ཡིན་པ་དང་། དེའི་ཐད་མགོན་པོ་གང་ཉིད་མཆོག་གིས་འབྱུང་འགྱུར་རྒྱ་གར་གྱི་གཙུག་ལག་སློབ་དཔོན་རྣམས་དང་གྲོས་བསྡུར་གནང་འཆར་ཡོད་སྐོར་བཀའ་སློབ་བསྩལ་གནང་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།