༧གོང་ས་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་གསར་པར་འཚམས་འདྲི་གནང་འདུག
ཟླ་༧ པའི་ཚེས་༢༡ ཉིན་ལྕམ་ཌེ་རུ་པ་དཱི་མུརྨུ་(Droupadi Murmu)རྒྱ་གར་གྱི་སྲིད་འཛིན་དུ་བདམས་ཐོན་བྱུང་བར། ༧གོང་ས་མཆོག་གིས་ལ་དྭགས་ནས་འཚམས་འདྲིའི་གསུང་འཕྲིན་བསྩལ་གནང་འདུག
དེ་ཡང་འཚམས་འཕྲིན་ནང་༧གོང་ས་མཆོག་གིས་གསུང་དོན། དེང་སྐབས་རྒྱལ་སྤྱིའི་སྟེང་རྒྱ་གར་གྱི་གལ་གནད་ཆེ་རུ་འགྲོ་བཞིན་པའི་དུས་སུ་སྐུ་ཉིད་ནས་རྩ་ཆེའི་གོ་གནས་འདི་འཛིན་གནང་གི་ཡོད། རྒྱ་གར་ལ་མཚོན་ན་འཛམ་གླིང་ཞི་བདེ་དང་ཡར་རྒྱས་སླད་ཞབས་འདེགས་རླབས་པོ་ཆེ་བསྒྲུབ་རྒྱུའི་ནུས་པ་ལྡན་ཡོད།
ངོས་ཀྱིས་རྒྱ་གར་ལ་སེམས་གཏིང་ནས་གུས་བརྩི་ཞུ་ཡི་ཡོད་པ་མ་ཟད། ངོས་རང་རྒྱ་གར་གཞུང་གི་སྐུ་མགྲོན་དུས་ཡུན་རིང་ཤོས་ཡིན་པའི་ཆ་ནས་རྒྱ་གར་གྱི་ས་གནས་ཕལ་མོ་ཆེར་བསྐྱོད་རྒྱུའི་གོ་སྐབས་བྱུང་། རྒྱ་གར་གྱིས་ལོ་ངོ་སྟོང་ཕྲག་རིང་སྙིང་རྗེ་དང་འཚེ་བ་མེད་པའི་རྣམ་གཞག་རྒྱུན་འཛིན་གནང་ཡོད་པའི་ཁར། བདག་ཉིད་ཆེན་པོ་གྷན་རྡི་མཆོག་ནས་འཚེ་བ་མེད་པའི་རྣམ་གཞག་རྒྱ་ཆེར་ཁྱབ་སྤེལ་མཛད་ཡོད། དེ་ལ་གང་ཟག་སྒེར་དང་རྒྱ་ཆེ་ས་ནས་འཛམ་གླིང་སྤྱི་ལ་ཞི་བདེ་བསྐྲུན་རྒྱུའི་ནུས་པ་ཡོད་པ་རེད། དེ་བཞིན་རྒྱ་གར་ནི་ཆོས་ལུགས་སྣ་ཚོགས་མཉམ་དུ་འཛོམས་པའི་ཆོས་ལུགས་མཐུན་འབྲེལ་ཡོད་སའི་གནས་ཤིག་རེད།
ངོས་ཀྱིས་རྒྱུན་དུ་ངོས་རང་ནི་རྒྱ་གར་གྱི་བུ་ཞིག་ཏུ་ངོས་འཛིན་ཞུ་ཡི་ཡོད། གང་ལགས་ན། ངོས་ཀྱིས་བློ་སྦྱོང་ཆེད་སྦྱངས་པའི་ཤེས་བྱ་ཡོངས་རྫོགས་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཡིན། བོད་བརྒྱུད་ནང་བསྟན་ནི་དཔལ་ནཱ་ལེན་ཌའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་རྣམས་ཀྱིས་ལམ་སྲོལ་ཕྱེས་པའི་རིགས་པ་དང་དཔྱད་པའི་རྣམ་གཞག་སྟེང་གཞི་རྟེན་ཚུགས་ཡོད་པ་སྐུ་ཉིད་ནས་ཕལ་ཆེར་མཁྱེན་གྱི་ཡོད།
སྤྱིར་དེང་སྐབས་དེང་དུས་ཀྱི་ཤེས་ཡོན་ལ་རིན་ཐང་ཆེན་པོ་ཡོད་ནའང་དེའི་དམིགས་ཡུལ་ནི་ཕྱིའི་དངོས་པོ་གཙོ་བོ་ཆགས་ཡོད། ད་ཆ་རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པའི་ཤེས་ཡོན་ལ་དོ་སྣང་དང་གོ་རྟོགས་སྤེལ་ཏེ་གནའ་དེང་ཤེས་རིག་གཉིས་ཟུང་དུ་སྦྲེལ་དགོས། དེ་ལྟར་བྱུང་ན་མི་རྣམས་ཀྱིས་སེམས་ཁམས་འཕྲོད་བསྟེན་ཤེས་རྟོགས་ཀྱིས་ཉོན་མོངས་པ་དང་གདོང་ལེན་བྱས་ཏེ་སེམས་ལ་ཞི་བདེ་རྙེད་ངེས་རེེད། གནའ་དེང་གི་ཤེས་ཡོན་ཟུང་དུ་སྦྲེལ་བར་རྒྱ་གར་ནི་ས་གནས་འོས་ཤོས་རེད་འདུག ངོས་ཀྱིས་སྙིང་རྗེའི་ནུས་པ་གཙོ་བོར་གྱུར་བའི་རིན་ཐང་བྲལ་བའི་ཤེས་རིག་འདི་ཉིད་རྒྱ་གར་ཙམ་མ་ཟད་འཛམ་གླིང་མི་མང་ལ་གོ་རྟོགས་མུ་མཐུད་སྤེལ་རྒྱུའི་དམ་བཅའ་བརྟན་པོ་ཡོད།
བོད་མི་མང་དང་ངོས་ལ་གནའ་བོའི་རྒྱ་གར་གྱི་ནང་བསྟན་གཙོས་བོད་ཀྱི་ངོ་བོ་སྲུང་སྐྱོབ་སླད་རྒྱ་གར་གཞུང་དམངས་གཉིས་ནས་རྒྱབ་སྐྱོར་མཚུངས་ཟླ་མེད་པ་གནང་ཡོད་པ་སྐུ་ཉིད་ནས་ཕལ་ཆེར་མཁྱེན་གྱི་ཡོད། དེས་ན། ངོས་ཀྱིས་གོ་སྐབས་འདི་བླངས་ནས་སྐུ་ཉིད་བརྒྱུད་སླར་ཡང་རྒྱ་གར་གཞུང་དང་མི་མང་གཉིས་ནས་ང་ཚོར་ལོ་ངོ་དྲུག་ཅུ་ལྷག་ལ་སྣེ་ལེན་གང་གཟབ་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ཞེས་གསུངས་འདུག
གཞན་ཡང་༧གོང་ས་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་གསར་པས་རྒྱ་གར་གྱི་གནའ་བོའི་ཤེས་རིག་ལས་ཐུགས་འགུལ་ཐེབས་ཏེ་རྒྱ་གར་གྱི་ནུས་སྟོབས་སྲ་བརྟན་དང་འཛམ་གླིང་ཞི་བདེའི་སྣེ་ཁྲིད་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།