༧གོང་ས་མཆོག་ནས་རྒྱ་ནག་གི་སྲིད་བྱུས་ག་ལེར་འགྱུར་བ་འགྲོ་ཡི་འདུག་ཅེས་གསུངས་སོང་།
༧གོང་ས་མཆོག་ནས་དེང་སང་རྒྱ་ནག་གི་སྲིད་བྱུས་ག་ལེར་འགྱུར་བ་འགྲོ་གི་འདུག་ལ། རྒྱ་ནག་ནང་ལ་ནང་པ་མང་དུ་འགྲོ་བཞིན་འདུག དེ་འདྲ་ཡིན་དུས་ང་ཚོ་བོད་ཀྱི་བདེན་དོན་ལ་ཆ་བཞག་ནའང་མཐའ་གཅིག་ཏུ་བརྩེ་བས་ཀུན་ནས་བསླངས་ཏེ་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་ང་ཚོས་བོད་ཀྱི་ཐོབ་ཐང་རྩོད་པ་ཡིན་ན་རིམ་པས་བདེན་པའི་མཐའ་སེལ་གྱི་རེད། དེ་འདྲ་མ་ཡིན་པར་ངར་པོ་བྱས། འཛིངས་དགོས་རེད་ཅེས་བཤད་ན་ཡོང་ཐུབ་པ་ཁག་པོ་རེད་ཅེས་བཀའ་གནང་སོང་།
ཟླ་༧ པའི་ཚེས་ ༢༨ ཉིན་ལ་དྭགས་ནང་པའི་ཚོགས་འདུ་དང་ལ་དྭགས་དགོན་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ༸གོང་ས་མཆོག་གིས་ལ་དྭགས་ཀྱི་རྒྱལ་ས་གླེ་རུ་ཆགས་པའི་ཞི་བའི་ཚལ་གྱི་གསུང་ཆོས་ར་བར། སློབ་དཔོན་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཆོས་འབྲེལ་དངོས་སུ་དབུ་འཛུགས་གནང་ཡོད་པ་རེད།
དེ་ཡང་ཐོག་མར་སློབ་ཕྲུག་ཁག་གཅིག་གིས་རིགས་ལམ་གྱི་རྟགས་གསལ་གཟིགས་འབུལ་ཞུས་པར། ༧གོང་ས་མཆོག་ནས་རྟགས་གསལ་གཏང་རྒྱུ་དེ་ནི་རིགས་པའི་སྒོ་མོ་འབྱེད་པའི་ལྡེ་མིག་ལྟ་བུ་ཧ་ཅང་གལ་གནད་ཆེན་པོ་ཡིན་པ་དང་། ནང་པ་སངས་རྒྱས་པའི་ཆོས་ནི་རིག་པའི་ལམ་ནས་དཔྱད་པ་བྱས་ཏེ་གཏན་འབེབས་བྱེད་རྒྱུ་ཞིག་ཡིན་པ་ལས། ལུང་ལ་ཡིད་ཆེས་བྱས་ཏེ་འགྲོ་རྒྱུ་མིན་སྐོར་སོགས་གསུངས་སོང་།
དེ་རྗེས་སློབ་དཔོན་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་ལ་འཇུག་པའི་ཆོས་འབྲེལ་དབུ་འཛུགས་མཛད་པ་དང་འབྲེལ་བཀའ་སློབ་བསྩལ་གནང་དོན། དེ་རིང་ནས་ཉིན་གསུམ་རིང་ཆོས་འབྲེལ་བྱ་རྒྱུ་རེད། ཉིན་དང་པོ་དང་གཉིས་པར་སྤྱོད་འཇུག་གི་བཤད་པ་ཐོར་བུ་རེ་ཞུ་རྒྱུ་དང་། ཉིན་གསུམ་པར་ཐུགས་རྗེ་ཆེན་པོའི་དབང་ཆེན་བསྐུར་རྒྱུ་རེད།
སངས་རྒྱས་པའི་ཆོས་ཞེས་པ་འདི་དཔྱད་པ་བྱས་ཏེ་འགྲོ་དགོས། སངས་རྒྱས་པའི་ཆོས་སྤྱི་དང་ལྷག་པར་དཔལ་ནཱ་ལེན་ཌ་ནས་བརྒྱུད་པའི་ལེགས་སྦྱར་གྱི་ཆོས་བརྒྱུད་ནི་རིགས་པས་དཔྱད་པ་བྱས་ཏེ་འགྲོ་ཡི་ཡོད། དུས་དེང་སང་ནུབ་ཕྱོགས་པའི་ཤེས་ཡོན་ཅན་ཚོས་དཔྱད་པ་བྱ་རྒྱ་དེ་ཧ་ཅང་གལ་ཆེན་པོར་བརྩི་ཡི་ཡོད། ང་རང་ཚོར་ཕ་མེས་ནས་དཔྱད་པ་བྱ་རྒྱུའི་གོམས་གཤིས་ཡོད་པ་རེད། དཔེར་ན་ངོས་ལ་ཆ་བཞག་ན། ནུབ་ཕྱོགས་པའི་ཚན་རིག་པ་དང་། དེ་བཞིན་ལྟ་གྲུབ་མཁས་པ་ལྷན་སྐད་ཆ་བཤད་རྒྱུར་དགའ་པོ་ཡོད། གང་ཡིན་ཟེར་ན། ཁོང་ཚོ་ནུབ་ཕྱོགས་པ་ཚོས་དད་པ་གཅིག་པུ་མ་ཡིན་པར་དཔྱད་པ་བྱ་རྒྱུར་ཧ་ཅང་དགའ་མོས་བྱེད་ཀྱི་འདུག ནུབ་ཕྱོགས་རང་ལ་ཡོད་པའི་ཆོས་ལུགས་དེ་དག་ཧ་ཅང་ཡག་པོ་རེད། འོན་ཀྱང་དཀོན་མཆོག་གི་དགོངས་པ་རེད། ཨ་ལཱ་ཡི་དགོངས་པ་རེད་ཟེར་རྒྱུ་ཙམ་ལས་དཔྱད་པ་བྱ་རྒྱུ་ཧ་ཅང་མི་འདུག མཁན་ཆེན་ཞི་བ་འཚོ་གཙོ་བོར་གྱུར་པའི་ང་རང་ཚོའི་ཕ་མེས་བོད་གངས་ཅན་ལྗོངས་ཀྱི་སྔོན་གྱི་སྐྱེས་བུ་དམ་པ་དེ་དག་གིས་ཚད་མའི་གཞུང་ལ་སྦྱངས་ནས་རིག་པས་དཔྱད་པ་བྱ་རྒྱུ་དེ་གལ་ཆེན་པོ་བརྩིས་ཡོད། དེ་རིང་འདིར་ཕྲུ་གུ་ཚོས་རྟགས་གསལ་བཏང་བ་ནི་ཧ་ཅང་གལ་ཆེན་པོ་རེད། མཁྱེན་སོང་ངམ་ཞེས་གསུངས།
གཞན་ཡང་༧གོང་ས་མཆོག་གིས་སྙིང་རྗེའི་གལ་གནད་དང་འབྲེལ་ཏེ། སྙིང་རྗེ་ཞེས་པ་དེ་ཆོས་ཉམས་སུ་ལེན་པར་ཐོག་མཐའ་བར་གསུམ་དུ་གལ་ཆེན་པོ་ཡིན་པ་མ་ཟད། འཛམ་གླིང་སྟེང་གི་ཆོས་ལུགས་ཚང་མས་བརྩེ་བ་ཞེས་པ་དེ་བསླབ་བྱའི་གཙོ་བོ་གསུང་གི་ཡོད། ལྷག་པར་སེམས་ཅན་ནང་ནས་མངལ་སྐྱེས་དང་སྒོང་སྐྱེས་སེམས་ཅན་རྣམས་ལ་ཨ་མའི་བརྩེ་བ་གལ་འགངས་ཆེན་པོ་ཆགས་ཡོད་པ་དང་། མི་ཚེ་འགོ་བཙུགས་པ་ནས་བཟུང་ཨ་མའི་བརྩེ་བ་ལ་བརྟེན་ནས་སེམས་ཅན་དེ་དག་འཚོ་བཞིན་ཡོད་སྐོར་དང་། མི་ཞེས་པ་དེ་སྤྱི་ཚོགས་ལ་མ་བརྟེན་པར་ཁེར་རྐྱང་སྡོད་མི་ཐུབ། སྤྱི་ཚོགས་ལ་བརྟེན་ནས་སྡོད་དགོས་དུས་སེམས་པ་བཟང་པོ་དང་། ཚང་མར་འཆམ་པོ་བྱས་ཏེ་བསྡད་ན་མི་ཚེ་སྐྱིད་པོ་ཡོང་གི་རེད། མིའི་རང་བཞིན་ལྷན་སྐྱེས་དེ་སྤྱི་ཚོགས་ལ་བརྟེན་བཞིན་པ་རེད་དེ། སྤྱི་ཚོགས་ལ་དོ་སྣང་མེད་པར་སོ་སོ་གཅིག་པུ་བསམ་བློ་བཏང་ནས་བསྡད་ན་དངོས་ཡོད་གནས་ཚུལ་ལ་རན་གྱི་མེད། དེ་འདྲ་ཡིན་དུས་སེམས་པ་བཟང་པོ་དང་མི་ཚང་མར་འཆམ་པོ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་སོང་།
དེ་བཞིན་བྱང་ཆུབ་སེམས་ཀྱི་ཉམས་ལེན་ཧ་ཅང་གལ་ཆེན་པོ་བརྩི་ཡི་ཡོད་པ་དང་། དེ་ལ་བརྟེན་ནས་རང་ལ་གནོད་འཚེ་བྱེད་མཁན་དགྲ་བོ་ཚུན་ཆད་བཤེས་གཉེན་དུ་བསྟེན་ནས་བརྩེ་སེམས་སྒོམ་ན་སེམས་ལྷོད་པོ་ཆགས་ཀྱི་ཡོད་སྐོར་བཀའ་གནང་བ་དང་འབྲེལ། མགོན་པོ་གང་ཉིད་མཆོག་ལ་རྒྱ་མི་གུང་ཁྲན་གྱིས་དཀའ་ངལ་ཆེན་པོ་སྤྲོད་ཀྱི་ཡོད་ནའང་ཕར་བརྩེ་སེམས་ཀྱིས་ཀུན་ནས་བསླངས་ཏེ་ཕན་ཐོགས་ཐུབ་ན་དགོངས་པ་ལས་ཁོང་ཁྲོ་དང་ང་རྒྱལ་ཕྲག་དོག་ཡོང་གི་མི་འདུག་ཅེས་དང་། དེའི་འབྲས་བུར་མགོན་པོ་གང་ཉིད་མཆོག་ཐུགས་སྐྱིད་པ་དང་། དེ་ལ་བརྟེན་ནས་རིམ་བཞིན་རྒྱ་རིགས་མང་པོས་དགའ་པོ་བྱེད་ཀྱི་འདུག་ཅེས་བཀའ་བསྩལ་སོང་།
དེ་བཞིན་ལ་དྭགས་ས་ཁུལ་འདི་བོད་དང་ས་འབྲེལ་ཆགས་ཡོད་སྟབས། ཧི་མ་ལ་ཡ་རི་རྒྱུད་ཀྱི་ཆོས་གྲོགས་ཚོས་སེམས་པ་བཟང་པོ་བྱས་ན་བོད་ཀྱི་བསྟན་སྲིད་ཀྱི་དོན་ལའང་གཏན་གཏན་ཕན་གྱི་རེད། ངོས་ལ་བོད་རྒྱ་ཆེ་མི་མང་གིས་རེ་བ་རྒྱག་གི་ཡོད་པ་རེད། བློ་འགེལ་གྱི་ཡོད། དེ་འདྲ་ཡིན་དུས་ངོས་ཀྱིས་བོད་རྒྱ་ཆེ་མི་མང་ལ་དྲག་པོའི་ཐོག་ནས་འཛིང་དགོས་ཞེས་ནམ་ཡང་ཟེར་གྱི་མ་རེད། སེམས་པ་བཟང་པོ་བྱེད། སེམས་པ་བཟང་པོའི་གཏིང་གི་སེམས་ལ་སྙིང་སྟོབས་ཡོད། ང་ཚོར་དཀའ་ངལ་ག་ཚོད་ཡོད་ནའང་སེམས་པ་བཟང་པོ་དང་འབྲེལ་བའི་སྙིང་སྟོབས་དེ་སྡོད་ཐུབ་ན་འགྱུར་བ་གཏན་གཏན་འགྲོ་གི་རེད། དཔེར་ན་འདས་པའི་ལོ་ཁ་ཤས་ནང་རྒྱ་ནག་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་འདུག དངོས་ཡོད་གནས་ཚུལ་ལ་གུང་ཁྲན་རིང་ལུགས་ཀྱི་གཅིག་སྡུད་ཅེས་པ་དེ་དུས་ཚོད་ཡོལ་ཚར་བ་རེད། ད་ཆ་འཛམ་གླིང་ཤར་ནུབ་ལྷོ་བྱང་གང་སར་མང་གཙོ་དར་བཞིན་འདུག དོན་དམ་གྱི་མང་གཙོ་ཞིག་ཡོང་བར་སེམས་པ་བཟང་པོ་དང་། མི་ཀུན་ལ་ཕན་སེམས་བྱེད། དེ་ལྟར་བྱས་ན་འཛམ་གླིང་ཞི་བདེ་ཞེས་པ་ཡོང་གི་རེད། ངོས་རང་བཅོམ་ལྡན་འདས་ཀྱི་ཆོས་གོས་རྣམ་སྦྱར་གྱོན་མཁན་ཞིག་གིས་འཛིང་དགོས་ཞེས་ནམ་ཡང་ཟེར་གྱི་མ་རེད། ང་ཚོ་མཐའ་གཅིག་ཏུ་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་བདེན་པ་བདེན་ཐུབ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། དེང་སང་རྒྱ་ནག་གི་སྲིད་བྱུས་ག་ལེར་འགྱུར་བ་འགྲོ་གི་འདུག་ལ། རྒྱ་ནག་ནང་ལ་ནང་པ་མང་དུ་འགྲོ་བཞིན་འདུག དེ་འདྲ་ཡིན་དུས་ང་ཚོ་བོད་ཀྱི་བདེན་དོན་ལ་ཆ་བཞག་ནའང་མཐའ་གཅིག་ཏུ་བརྩེ་བས་ཀུན་ནས་བསླངས་ཏེ་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་ང་ཚོས་བོད་ཀྱི་ཐོབ་ཐང་རྩོད་པ་ཡིན་ན་རིམ་པས་བདེན་པའི་མཐའ་སེལ་གྱི་རེད། དེ་འདྲ་མ་ཡིན་པར་ངར་པོ་བྱས། འཛིང་དགོས་རེད་ཅེས་བཤད་ན་ཡོང་ཐུབ་པ་ཁག་པོ་རེད་ཅེས་དང་། བོད་མི་རྣམས་བཙན་བྱོལ་དུ་གྱར་ཡོད་ནའང་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་གང་ལེགས་བྱས་ཡོད་པ་མ་ཟད་འཛམ་གླིང་ཡོངས་ཀྱིས་དེ་ལ་དོ་སྣང་བྱེད་ཀྱི་ཡོད་པ་དང་། ལ་དྭགས་པ་རྣམས་བོད་ཀྱི་ཆོས་དང་རིག་གཞུང་གཅིག་གྱུར་ཡིན་པའི་ཆ་ནས་ཆོ་ག་ཕྱག་ལེན་ཙམ་མ་ཡིན་པར་གཞུང་ཆེན་སློབ་སྦྱོང་བྱ་རྒྱུར་དོ་སྣང་བྱ་དགོས་པ་མ་ཟད། ལྷག་པར་ལ་དྭགས་སུ་ཡོད་པའི་དགོན་སྡེ་ཁག་ནང་རབ་བྱུང་ཕོ་མོ་དབྱེར་མེད་ཀྱིས་གཞུང་ཆེན་རྣམས་རིགས་ལམ་ཐོག་ནས་སློབ་སྦྱོང་བྱ་རྒྱུ་གལ་གནད་ཆེན་པོ་ཡིན་པ་བཀའ་བསྩལ་གནང་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།