༧གོང་ས་མཆོག་ནས་ལ་དྭགས་སུ་ཁ་ཆེ་དང་ནང་པའི་མཛའ་མཐུན་ལ་བསྔགས་བརྗོད་གནང་འདུག 

༧གོང་ས་མཆོག་ནས་ཆོས་ལུགས་ནི་སྒེར་གྱི་གནད་དོན་རེད། འོན་ཀྱང་བྱམས་སྙིང་རྗེ་ནི་ཚང་མའི་ཆེད་དུ་རེད། ཧི་མ་ལ་ཡ་མི་རིགས་ཀྱིས་ལམ་སྲོལ་དེ་རྒྱུན་འཛིན་བྱས་པར་ངོས་ཀྱིས་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་ཧ་ཅང་གལ་ཆེན་པོ་རེད། ཆོས་ལུགས་ཚང་མར་ལོ་རྒྱུས་དང་ལྟ་གྲུབ་མི་འདྲ་བ་ཡོད་ནའང་ཚང་མའི་བསླབ་བྱ་གཅིག་མཚུངས་ཡིན། ལ་དྭགས་སུ་ཁ་ཆེ་དང་ནང་པའི་ཆོས་གྲོགས་རྣམ་པ་ཕན་ཚུན་མཛའ་མཐུན་མཉམ་གནས་བྱེད་པ་ནི་བསྔགས་བརྗོད་འོས་པ་རེད་ཅེས་གསུངས་གནང་འདུག 

ཟླ་༨ པའི་ཚེས་ ༡༦ ཉིན་༸གོང་ས་མཆོག་གིས་ལ་དྭགས་ཤཱ་ཧམ་དྷན་ཞེས་པའི་ཁ་ཆེའི་མཆོད་ཁང་དུ་མཆོད་མཇལ་དང་འབྲེལ་དེར་འདུས་ཁ་ཆེའི་ཆོས་གྲོགས་རྣམས་ལ་བཀའ་སློབ་བཀའ་དྲིན་བསྩལ་གནང་འདུག 

སྐབས་དེར་༧གོང་ས་མཆོག་ནས་ལ་དྭགས་ཡོངས་ནས་འབུམ་རམས་པའི་ལག་འཁྱེར་ཐོག་མར་ཐོབ་མཁན་དམིགས་བསལ་ནུས་ལྡན་གྱི་བུད་མེད་འབུམ་རམས་པ་སཱ་ཧི་དྷ་བྷ་ནོ་ (Sayeeda Bano) ལ་ཕྱག་འཁྱེར་གསོལ་སྩལ་གནང་གྲུབ་མཚམས་བཀའ་སློབ་བསྩལ་དོན། ཆོས་གྲོགས་ཕོ་མོ་ཡོངས་དང་ལྷག་པར་ཁ་ཆེའི་ཆོས་གྲོགས་ཕོ་མོ་ཡོངས་ལ་ཞུ་རྒྱུར། ངོས་རང་དུས་ཐུང་རིང་འདིར་ཡོང་བའི་སྐབས་ཁྱེད་རྣམས་པས་སྣེ་ལེན་གོ་སྒྲིག་ཞུས་པ་རེད།

སྤྱིར་ཉིན་གུང་གསོལ་ཚིགས་གོ་སྒྲིག་ཞུས་འདུག གལ་ཆེ་བ་ཞལ་ལག་རེད། སླར་ཡང་གླེ་རུ་ཁ་ཆེའི་ཆོས་གྲོགས་ཕོ་མོ་རྣམ་པ་མཇལ་བར་དགའ་ཚོར་ཆེན་པོ་བྱུང་། ཕལ་ཆེར་ཁྱེད་ཚོས་ཤེས་གསལ་རེད། ངོས་རང་སྐྱེས་ཡུལ་བོད་བྱང་ཤར་ཁུལ་དུ་ཁ་ཆེའི་གྲོང་པ་མང་པོ་ཡོད། ངོས་རང་ཆུང་དུས་ནས་ཁྱེད་རྣམ་པའི་ཉིན་རེའི་མཆོད་དབྱངས་གོ་མྱོང་། ཁ་ཆེའི་གྲོང་པ་ཚོས་ངོས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཁ་ཐུག་བཤད་ན་ངོས་རང་ཆུང་ཡང་སྤྱང་གྲུང་དོད། ཁྱིམ་མཚེས་ཚང་མས་ངོས་ལ་དགའ་པོ་བྱེད་ཀྱི་ཡོད། དེ་རྗེས་ངོས་རང་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་དུ་ངོས་འཛིན་བྱས་ཏེ་ལྷ་སར་སླེབས་པ་རེེད། ལྷ་སར་ཡང་ཁ་ཆེའི་སྤྱི་ཚོགས་ཆུང་ཆུང་ཞིག་ཡོད། ཁོང་ཚོ་ཕལ་ཆེ་བ་ཚོང་པ་རེད། བོད་གཞུང་གི་མཛད་སྒོ་ཚང་མའི་སྐབས་སུ་ཁ་ཆེའི་སྐུ་ཚབ་རྣམ་པ་འཆར་ཅན་བཅར་གྱི་ཡོད། ངོས་རང་ཆུང་དུས་སྐབས་ནས་ཁ་ཆེ་དང་འབྲེལ་འདྲིས་ཆེན་པོ་ཡོད། ལྷ་སའི་མི་མང་གིས་ཁ་ཆེ་རྣམས་ཞི་བདེ་བག་ཕེབས་ཅན་དུ་ངོས་འཛིན་བྱེད་ཀྱི་ཡོད། ཁ་ཆེ་རྣམས་ཀྱི་ཡོང་སྒོ་གཙོ་བོ་ཚོང་ཡིན་པས་ཁོང་ཚོ་ཡང་ཡང་རྒྱ་གར་དུ་ཕྱིན་ནས་བོད་ནང་ཐོབ་དཀའ་བའི་དངོས་ཟོག་འཁྱེར་ནས་ཡོང་གི་ཡོད། ཁ་ཆེའི་ཚོང་པ་ཚོ་རྒྱ་གར་ནས་ལོག་ཡོང་བའི་སྐབས་ང་ཚོས་བདག་ཉིད་ཆེན་པོ་གྷན་རྡིའི་གནས་སྟངས་གཙོ་བོར་གྱུར་པའི་རྒྱ་གར་གྱི་གནས་ཚུལ་ཤེས་འདོད་ཆེན་པོས་སྒུག་ནས་སྡོད་ཀྱི་ཡོད། ལྷ་སའི་ཁ་ཆེའི་སྤྱི་ཚོགས་ཆུང་ཆུང་དེ་ནི་གནས་ཚུལ་ཡོང་ཁུངས་གཙོ་བོ་ཡིན། དེ་རྗེས་བོད་ནང་གི་གནས་ཚུལ་ཁག་ཏུ་ཕྱིན་པ་རེད་ཅེས་དང་། དེ་བཞིན་རྒྱ་ནག་ཏུ་ཕེབས་ཏེ་དམར་ཤོག་ཚོགས་པའི་གཙོ་འཛིན་མའུ་ཙེ་ཏུང་དང་ཐུག་འཕྲད་གནང་བའི་བརྒྱུད་རིམ་དང་། མའོ་ཡིས་མགོན་པོ་གང་ཉིད་མཆོག་གི་དགོངས་པ་བཞེས་ཕྱོགས་ཚན་རིག་དང་ཧ་ཅང་མཐུན་པོ་ཡོད་ལུགས་འགྲེལ་བརྗོད་གནང་ཡོད་པ་སོགས་སྐོར་དྲན་གསོ་གནང་འདུག 

དེ་ནས་མུ་མཐུད་བཀའ་སློབ་བསྩལ་དོན། ངོས་ཀྱི་བསམ་བློ་གཏོང་སྟངས་ཚན་རིག་དང་མཐུན་པོ་ཡོད། དེར་བརྟེན་ངོས་རང་ཚན་རིག་པ་དང་ཐུག་འདོད་ཆེན་པོ་ཡོད། འོན་ཀྱང་དེང་རབས་ཚན་རིག་པར་སེམས་ཚོར་དང་ནང་གི་ཞི་བདེ་ཇི་ལྟར་བསྐྲུན་ཐབས་ཐད་ཤེས་རྟོགས་དེ་ཙམ་མེད། དེས་ན་ཚན་རིག་པ་མང་པོ་སེམས་ཚོར་དང་ནང་སེམས་ཀྱི་ཞི་བདེ་སྐྲུན་ཐབས་སྐོར་སྦྱོང་བར་ངོས་རང་འཕྲད་པར་ཡོང་གི་ཡོད། ཚན་རིག་པའི་ནང་ལ་ངོས་ཀྱི་གྲོགས་པོ་མང་པོ་ཡོད། ཁོང་ཚོའི་དྲུང་ནས་ངོས་ཀྱིས་འཇིག་རྟེན་ཁམས་དང་འཛམ་གླིང་གི་སྐོར་སློབ་སྦྱོང་བྱེད་ཀྱི་ཡོད། དེང་རབས་ཀྱི་སེམས་ཁམས་ཚན་རིག་པས་ནང་སེམས་ཀྱི་ཞི་བདེ་སྐྲུན་ཐབས་ཐད་ལ་དོ་སྣང་བྱེད་ཀྱི་འདུག ཚེ་སྔ་ཕྱིའི་སྐོར་ཤོད་ཀྱི་མེད། ཉིན་རེའི་འཚོ་བའི་ཁྲོད་སེམས་ལ་ཞི་བདེ་སྐྲུན་ཐབས་སྐོར་ཤོད་ཀྱི་ཡོད། གཅིག་ནས་ངོས་རང་ནང་པ་ཞིག་རེད། ངོས་རང་ནང་པའི་རྒྱལ་ཁབ་འདྲ་མིན་དང་། དེ་བཞིན་ལེགས་སྦྱར་དང་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་གྱི་མི་མང་པོར་འབྲེལ་བ་ཡོད། 

ངོས་ཀྱིས་མཇུག་སྡོམ་བརྒྱབ་ན། གཞི་རྩའི་ཆ་ནས་ཚང་མ་འགྲོ་བ་མི་གཅིག་པ་རེད། ཚང་མར་སེམས་ཚོར་དང་། ཀླད་པ་གཅིག་མཚུངས་ཡོད། འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་པ་ཚང་མས་ཞི་བདེ་དང་བདེ་སྐྱིད་ལྡན་པའི་མི་ཚེ་འདོད་ཀྱི་ཡོད། གཞི་རྩའི་འགྲོ་བ་མིའི་རང་བཞིན་བྱམས་བརྩེ་ལྡན་པ་ཞིག་ཡིན། ང་ཚོ་མའི་མངལ་ནས་སྐྱེས་མ་ཐག་ཨ་མས་བྱམས་བརྩེ་སྤྲད་ཡོད། འོན་ཀྱང་སློབ་གྲྭར་སློབ་སྦྱོང་བྱེད་འགོ་འཚུགས་པ་དང་། དེང་རབས་ཤེས་ཡོན་ལམ་ལུགས་ལ་ནང་སེམས་ཀྱི་ཞི་བདེ་སྐྲུན་ཐབས་སྐོར་གྱི་ཤེས་ཡོན་འདང་ངེས་བཞིན་པ་མེད། དཔེར་ན། རྒྱ་གར་ནང་གི་དེང་རབས་ཤེས་ཡོན་ལམ་ལུགས་ནུབ་ཕྱོགས་ནས་དར་བར་བརྟེན་ནང་སེམས་ཀྱི་ཞི་བདེ་སྐྲུན་ཐབས་སྐོར་དེ་ཙམ་མེད། རྒྱ་གར་རང་གི་སྲོལ་རྒྱུན་ཤེས་ཡོན་ལམ་ལུགས་ནང་སྙིང་རྗེ་དང་འཚེ་བ་མེད་པའི་སྐོར་ཤོད་ཀྱི་ཡོད། དེང་རབས་ནུབ་ཕྱོགས་ཤེས་ཡོན་ལམ་ལུགས་ནང་སྙིང་རྗེ་དང་དེ་ལ་བརྟེན་ནས་སེམས་ལ་ཞི་བདེ་སྐྲུན་རྒྱུའི་སྐོར་གོ་རྟོགས་དེ་ཙམ་མེད། དུས་རབས་སྔོན་མའི་ནང་བདག་ཉིད་ཆེན་པོ་གྷན་རྡི་མཆོག་གིས་འཚེ་མེད་ཞི་བའི་ལྟ་གྲུབ་ལག་བསྟར་ཚགས་ཚུད་གནང་ཡོད་པ་དང་། དེར་ལྷོ་ཨཕ་རི་ཀ་སོགས་རྒྱལ་ཁབ་མང་པོས་མིག་དཔེ་བལྟས་ཡོད། ད་ཆ་འདི་གཅིག་པུས་འདང་གི་མེད། ཁྲོང་ཁྲོ་དང། ཞེ་སྡང་། འཇིགས་སྣང་སོགས་ཀྱི་དཀའ་རྙོག་སེམས་ནས་འགོ་ཚུགས་ཀྱི་ཡོད་སྟབས། སྙིང་རྗེ་བསྒོམ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།

སྤྱིར་འཛམ་གླིང་སྟེང་གི་ཆོས་ལུགས་ཚང་མའི་བསླབ་བྱ་གཙོ་བོ་བྱམས་སྙིང་རྗེ་ཡིན། འོན་ཀྱང་བྱམས་སྙིང་རྗེ་དེ་ཆོས་ལུགས་ལ་བརྟེན་མེད། ད་ང་ཚོས་བྱམས་སྙིང་རྗེའི་སྐོར་སློབ་སྦྱོང་སྤྲོད་རྒྱུར་དངོས་གནས་དྲང་གནས་ཤུགས་རྒྱག་དགོས་འདུག རིང་མིན་ངོས་ཀྱིས་ལྡི་ལིར་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་རྣམ་པ་འཕྲད་ནས་དངོས་གཙོའི་དེང་རབས་ཤེས་ཡོན་དང་། གནའ་བོའི་རྒྱ་གར་གྱི་ཤེས་ཡོན་ཟུང་སྦྲེལ་ཡོང་ཐབས་ཐད་གྲོས་བསྡུར་བྱ་རྒྱུ་ཡིན། བྱམས་སྙིང་རྗེ་ཟེར་དུས་ཆོས་ལུགས་ཀྱི་གནད་དོན་ལ་ངོས་འཛིན་བྱེད་མི་རུང་། དེ་ནི་མི་ཚེའི་ནང་ཧ་ཅང་དགོས་མཁོ་ཆེ་བའི་གནད་དོན་ཞིག་ཡིན། དེར་བརྟེན་ང་ཚོའི་ཤེས་ཡོན་ལམ་ལུགས་ནང་བྱམས་སྙིང་རྗེ་དང་ནང་སེམས་ཀྱི་ཞི་བདེའི་སྐོར་བསླབ་གཞི་འཇོག་དགོས། ལ་དྭགས་ཀྱིས་གཙོས་ཧི་མ་ལ་ཡ་རི་རྒྱུད་ལ་གནས་མཁན་རྣམས་ལོ་ངོ་སྟོང་ཕྲག་ནས་བོད་ནང་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད་པས་ཚང་མར་བྱམས་སྙིང་རྗེའི་ཉམས་ལེན་ཡོད། ངོས་རང་རྒྱ་གར་བྱང་ཕྱོགས་སུ་ནམ་འོང་ལ་མི་མང་རྣམས་ཀྱིས་ཚོར་བ་ཆེན་པོ་སྟོན་གྱི་འདུག ང་ཚོའི་བར་ལ་ལོ་ངོ་སྟོང་ཕྲག་རིང་འབྲེལ་བ་ཟབ་མོ་ཡོད། 

བོད་ལ་མཚོན་ན་འདས་པོའི་ལོ་ངོ་བཅུ་ཕྲུག་འགའ་ཤས་ནང་གནས་སྟངས་ཧ་ཅང་ཉག་ཕྲ་པོར་གྱུར་ཡོད། འོན་ཀྱང་བོད་མི་རྣམས་ཀྱིས་བྱམས་སྙིང་རྗེ་གཙོ་བོར་གྱུར་པའི་ལོ་ངོ་སྟོང་ཕྲག་རིང་གི་རིག་གཞུང་མུ་མཐུད་རྒྱུན་འཛིན་བྱས་ཡོད། ཧི་མ་ལ་ཡ་རི་རྒྱུད་ལ་གནས་པའི་མི་རིགས་རྣམས་བོད་དང་རིག་གཞུང་ཐོག་ནས་དམིགས་བསལ་འབྲེལ་བ་ཡོད། ཆོས་ལུགས་ནི་སྒེར་གྱི་གནད་དོན་རེད། འོན་ཀྱང་བྱམས་སྙིང་རྗེ་ནི་ཚང་མའི་ཆེད་དུ་རེད། ཧི་མ་ལ་ཡ་མི་རིགས་ཀྱིས་ལམ་སྲོལ་དེ་རྒྱུན་འཛིན་བྱས་པར་ངོས་ཀྱིས་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་ཧ་ཅང་གལ་ཆེན་པོ་རེད། ཆོས་ལུགས་ཚང་མར་ལོ་རྒྱུས་དང་ལྟ་གྲུབ་མི་འདྲ་བ་ཡོད་ནའང་ཚང་མའི་བསླབ་བྱ་གཅིག་མཚུངས་ཡིན། ལ་དྭགས་སུ་ཁ་ཆེ་དང་ནང་པའི་ཆོས་གྲོགས་རྣམ་པ་ཕན་ཚུན་མཛའ་མཐུན་མཉམ་གནས་བྱེད་པ་ནི་བསྔགས་བརྗོད་འོས་པ་རེད། ཧ་ཅང་ལེགས། ཐུགས་རྗེ་ཆེ། ལ་དྭགས་མི་མང་རྣམས་ལ་ངོས་ཀྱིས་སེམས་ཐག་ཧ་ཅང་ཉེ་པོ་ཚོར་གྱི་འདུག་ཅེས་སོགས་ཀྱི་བཀའ་སློབ་བསྩལ་གནང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།