༧གོང་ས་མཆོག་ནས་སྲིད་བློན་མཱོ་རྡི་ལ་འཁྲུངས་སྐར་གྱི་འཚམས་འདྲི་གནང་འདུག 

ཟླ་༩ པའི་ཚེས་༡༧ ཉིན་༸གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ནཱ་རེན་རྡེ་རཱ་མཱོ་རྡི་དགུང་གྲངས་༧༢ ལ་ཕེབས་པའི་འཁྲུངས་སྐར་ཉིན་མོར་། སྲིད་བློན་ཁོང་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ་གནང་འདུག 

དེ་ཡང་གསུང་འཕྲིན་ནང་དུ་འཁོད་དོན། རྒྱ་གར་གྱི་ངོས་ནས་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་ལ་གདོང་ལེན་གནང་སྟེ་ལེགས་གྲུབ་བྱུང་ཡོད་པས་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན།

ང་ཚོས་ཏོག་དབྱིབས་གཉན་རིམས་ཡོངས་སུ་ཞི་བ་ཞིག་བྱུང་མེད་པ་མཐོང་རྒྱུ་ཡོད་ནའང་ཁ་སང་དེ་རིང་རྒྱ་གར་གྱི་གནས་སྟངས་བཟང་དུ་ཕྱིན་ཡོད་པས། མ་འོངས་པར་རྒྱ་གར་གྱིས་དེ་ལྟ་བུའི་གདོང་ལེན་གནང་ཐུབ་ངེས་རེད། ངོས་རང་རྒྱ་གར་ནང་མགྲོན་པོ་དུས་ཡུན་རིང་ཤོས་སྡོད་མཁན་ཞིག་ཡིན་པའི་ཆ་ནས་རྒྱ་གར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་མིག་མཐོང་ལག་ཟིན་བྱུང་། ད་ཆ་རྒྱ་གར་ནི་དཔལ་འབྱོར་གྱི་ཆ་ནས་སྟོབས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། ཚན་རིག་དང་འཕྲུལ་ལས་ཀྱི་སྣེ་ཁྲིད་མཁན་ཞིག་ཀྱང་ཆགས་ཡོད།

རྒྱ་གར་ལ་མང་གཙོའི་རྨང་གཞི་སྲ་བརྟན་ཡོད་པས་ཞི་བདེ་དང་བརྟན་བརླིང་ཡོང་གི་ཡོད། རྒྱ་གར་གཞོན་སྐྱེས་ཀྱི་མི་འབོར་གྲངས་མང་ཤོས་ཁོངས་སུ་ཡོད་སྟབས། སྔར་ལས་ལྷག་འཕེལ་རྒྱས་འགྲོ་བ་དང་མི་མང་གི་མངོན་འདོད་བསྒྲུབ་ཐུབ་ངེས་རེད། ངོས་ཀྱིས་རྒྱ་གར་གྱི་མེས་པོ་དམ་པ་གྷན་རྡི་མཆོག་གིས་འཚེ་མེད་ཞི་བའི་ཐབས་ལམ་ཉམས་ལེན་གནང་སྟངས་ལ་ཧ་ཅང་ཡིད་སྨོན་བྱེད་ཀྱི་ཡོད་ལ། འཛམ་གླིང་མི་མང་གིས་ཀྱང་ཡིད་སྨོན་བྱེད་ཀྱི་ཡོད། ངོས་ཀྱིས་འཚེ་མེད་ཞི་བའི་ཐབས་ལམ་གང་ཐུབ་ཀྱིས་གོང་མཐོར་གཏོང་བཞིན་ཡོད།

ངོས་ཀྱིས་ང་ཚོ་ཚང་མའི་མི་ཚེ་ཞི་བདེ་དང་དོན་ལྡན་ཡོང་ཐབས་སུ་སྙིང་རྗེའི་སྟོབས་ཀྱི་གལ་གནད་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། འཚེ་བ་མེད་པ་དང་སྙིང་རྗེའི་རིན་ཐང་དེ་དག་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་གཅེས་ནོར་རེད། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་བ་ནས་བཟུང་ད་བར་རྒྱ་གར་གཞུང་མང་གཉིས་ནས་གཏོང་ཕོད་ཆེན་པོའི་སྒོ་ནས་སྣེ་ལེན་གང་ལེགས་གནང་བ་ང་ཚོས་ལོངས་སུ་སྤྱོད་བཞིན་ཡོད། གོ་སྐབས་འདི་བརྒྱུད་ངོས་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞེས་རྒྱུ་ཡིན་ཞེས་གསུངས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།