༧གོང་ས་མཆོག་ནོར་ཝེ་རུ་ཕེབས་འཆར་ལ་རྒྱ་ནག་གིས་སྐྱོན་བརྗོད།
ལོ་རྗེས་མའི་ཕྱི་ཟླ་༥ པའི་ནང་༧གོང་ས་མཆོག་ནོར་ཝེ་རུ་ཆིབས་བསྒྱུར་བསྐྱང་འཆར་ཡོད་སྐོར་ལ་རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པས་སྐྱོན་བརྗོད་བྱས་ཡོད་པ་དང་། ༢༠༡༠ ལོར་ལུའུ་ཞོ་པའོ་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་ནས་བཟུང་རྒྱ་ནག་དང་ནོར་ཝེ་ཡི་འབྲེལ་ལམ་ཇེ་སྡུག་ཏུ་སོང་ཡོད་པ་རེད།
ལོ་རྗེས་མའི་ཕྱི་ཟླ་༥ པའི་ནང་༧གོང་ས་མཆོག་ནོར་ཝེ་རུ་ཆིབས་བསྒྱུར་བསྐྱང་འཆར་ཡོད་སྐོར་ལ་རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པས་སྐྱོན་བརྗོད་བྱས་ཡོད་པ་དང་། ༢༠༡༠ ལོར་ལུའུ་ཞོ་པའོ་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་ནས་བཟུང་རྒྱ་ནག་དང་ནོར་ཝེ་ཡི་འབྲེལ་ལམ་ཇེ་སྡུག་ཏུ་སོང་ཡོད་པ་རེད།
རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༩ ཉིན་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག འཆར་ལོའི་ཕྱི་ཟླ་༥ པའི་ནང་བོད་མིའི་དབུ་ཁྲིད་༧ཏཱ་ལའི་བླ་མ་མཆོག་ནོར་ཝེ་རུ་ཆིབས་བསྒྱུར་བསྐྱང་འཆར་ཐད་གསར་འགོད་པས་དྲི་བ་དྲིས་སྐབས། ཕྱི་སྲིད་མགྲིན་ཚབ་པ་ཧྥ་ཁྲུན་དབྱི་ཡིས་“རྒྱལ་ཁབ་གང་ཞིག་ཡིན་ཡང་ཏཱ་ལའི་བླ་མར་སྣེ་ལེན་བྱེད་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ། རྒྱལ་ཁབ་གཞན་གྱི་གཞུང་འབྲེལ་དཔོན་རིགས་སུ་ཡིན་ནའང་རྣམ་པ་ཅི་ལྟ་བུ་ཞིག་འོག་ཏཱ་ལའི་བླ་མ་དང་དངོས་སུ་ཐུག་འཕྲད་བྱས་པར་ངོ་རྒོལ་བྱེད་རྒྱུ་ཡིན་”ཞེས་དང་། “ང་ཚོའི་རེ་བར་འབྲེལ་ཡོད་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་རྩ་འཛིན་གཙོ་གནད་ཁག་ལ་བརྩི་བཀུར་ཞུ་བའི་ཐོག་ནས་ཕུན་ཚུན་གྱི་འབྲེལ་ལམ་ལ་ཤུགས་སྣོན་རྒྱག་དགོས་”ཞེས་བརྗོད་འདུག
ནོ་སྦེལ་གཟེངས་རྟགས་ལྷན་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་གྷ་ཡ་ལན་ཌི་སི་ཊ་ཌི་ (Geir Lundestad) ཡིས་རའོ་ཡི་ཊར་གསར་ཁང་ལ་བརྗོད་པ་ལྟར་ན། ལོ་རྗེས་མའི་ཕྱི་ཟླ་༥ པའི་ནང་བོད་མའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་ནོར་ཝེ་ཏུ་ཕེབས་འཆར་ཡོད་པ་རེད། ཡིན་ནའང་ནོར་ཝེ་རུ་རྟེན་གཞི་བྱས་པའི་བོད་མིའི་ཚོགས་པ་སྒྲིག་འཛུགས་ཁག་དང་ནང་པའི་ཆོས་ཚོགས་ཁག་གིས་གདན་ཞུ་བྱས་པ་ཞིག་ཡིན་པ་ལས། ནོ་སྦེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་གདན་ཞུ་བྱས་པ་ཞིག་མིན་སྐོར་བརྗོད་འདུག དེ་བཞིན་ཁོང་གིས་༢༠༡༤ ལོ་ནི་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་༢༥འཁོར་བའི་དུས་ཆེན་འཁེལ་གྱི་ཡོད་སྟབས། སྐབས་དེར་ཁོང་༧གོང་ས་མཆོག་དང་མཇལ་ཁ་ཞུ་རྒྱུའི་འདུན་པ་ཡོད་སྐོར་ཡང་བརྗོད་ཡོད་པ་རེད།
ནོར་ཝེ་གྱི་རྒྱལ་ས་ཨོ་སི་ལོ་རུ་རྟེན་གཞི་བྱས་པའི་ནོ་སྦེལ་གཟེངས་རྟགས་ལྷན་ཚོགས་ཀྱི་དྲུང་ཆེས། “ཕྱི་ལོ་༢༠༡༠ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྷན་ཚོགས་ཀྱིས་རྒྱ་ནག་གི་མང་གཙོ་དོན་གཉེར་བ་དང་། རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པའི་མི་སྣ་ལུའུ་ཞོ་པའོ་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་གནང་བའི་རྗེས་རྒྱ་ནག་གིས་ནོར་ཝེ་སྲིད་གཞུང་ལ་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་མ་ཟད། རྒྱ་ནག་དང་ནོར་ཝེ་ཡུལ་གྱི་འབྲེལ་ལམ་ལ་དཀའ་རྙོག་མང་པོ་ཞིག་ཆེད་དུ་བཟོས་ཡོད་”སྐོར་ཡང་བརྗོད་ཡོད་པ་རེད།