༧གོང་ས་མཆོག་ལ་གཞུང་ཞབས་ཟུར་པ་རྣམས་ཀྱིས་བརྟན་བཞུགས་ཕུལ།
༧གོང་ས་མཆོག་གིས། སྐུ་སྐྱེ་འདིར་སྨོན་ལམ་གཅིག་པུ་མ་ཡིན་པར་ཁ་ཡོད་ལག་ཡོད་ཀྱིས་བོད་འབངས་གཙོ་བོར་གྱུར་བའི་སེམས་ཅན་མང་པོར་ཕན་ཐོགས་ཀྱི་ཡོད་པས། དགུང་ལོ་བརྒྱ་སྐོར་ལ་བཞུགས་པའི་ཞལ་བཞེས་གནང་སོང་།
༧གོང་ས་མཆོག་གིས། སྐུ་སྐྱེ་འདིར་སྨོན་ལམ་གཅིག་པུ་མ་ཡིན་པར་ཁ་ཡོད་ལག་ཡོད་ཀྱིས་བོད་འབངས་གཙོ་བོར་གྱུར་བའི་སེམས་ཅན་མང་པོར་ཕན་ཐོགས་ཀྱི་ཡོད་པས། དགུང་ལོ་བརྒྱ་སྐོར་ལ་བཞུགས་པའི་ཞལ་བཞེས་གནང་སོང་།
དེ་རིང་སྟེ་ཕྱི་ལོ་༢༠༡༩ ཟླ་༧ ཚེས་༥ རེས་གཟའ་པ་སངས་ཉིན་བཞུགས་རྡ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཟུར་པ་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
དེ་ཡང་ད་ཐེངས་ཀྱི་བརྟན་བཞུགས་འབུལ་མཁན་ཁྲོད་ན་གཞུང་ཞབས་བགྲེས་ཡོལ་བ་དང་ལས་བྱེད་ཟུར་པ་༢༦༠ ལྷག་ཙམ་ཡོད་འདུག་ལ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། རྡ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་དང་སློབ་ཕྲུག་རྣམ་པ། རྒྱ་གར་དང་ཕྱི་རྒྱལ་བ་བཅས་ཁྱོན་དད་ལྡན་སེར་སྐྱ་མི་མང་ཕེབས་འདུག
ཐེངས་འདིའི་བརྟན་བཞུགས་དང་འབྲེལ་བའི་བཀའ་སློབ་ནང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་”ཁྱེད་རང་ཚོ་ཚང་མས་དངོས་གནས་དད་པ་དམ་ཚིག་གཡོ་བ་མེད་པར་གདུང་ཤུགས་དྲག་པོའི་ཐོག་ནས་ང་ལ་ཚེ་རིང་པོ་གནས་རྒྱུའི་རེ་འདུན་དང་སྨོན་ལམ་རྒྱག་གི་ཡོད་རེད། ཐུགས་རྗེ་ཆེ་ཞུ་གི་ཡིན་”ཞེས་གསུངས་པ་དང་། དེ་ནས་དུས་རྒྱུན་ལྟར་བོད་མི་རྣམས་བཙན་བྱོལ་བ་ཆགས་ཏེ་ཕྱོགས་གཅིག་ནས་ལུང་པ་བྲལ་བ་རེད་དེ། ཕྱོགས་གཅིག་ནས་བོད་གངས་ཅན་པའི་ད་ལྟའི་མི་རབས་འདིས་བོད་བསྟན་སྲིད་ཀྱི་དོན་ལ་ཚང་མས་དཀའ་ལས་བརྒྱབས་ནས་ཕན་འབྲས་གང་འཚམ་ཐོན་ཡོད་པའི་སྐོར་གསུངས་སོང་།
དེ་མིན་ད་རུང་བོད་གངས་ཅན་ལྗོངས་དང་འཕགས་པ་སྤྱན་རས་གཟིགས་གཉིས་ཀྱི་ཐུན་མིན་འབྲེལ་བའི་སྐོར་ལ་”བོད་གངས་ཅན་གྱི་ལྗོངས་འདི་ཁྱེད་རང་ཚོ་ཚང་མས་མཁྱེན་གསལ་རེད། འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ཞེས་ང་ཚོས་བཤད་ཀྱི་ཡོད་ལ། དངོས་བྱུང་གི་ལོ་རྒྱུས་རང་གི་ནང་འདི་ལྟར་མར་གཟིགས་པ་ཡིན་ན། ཕལ་ཆེར་སྤྱན་རས་གཟིགས་དང་དམིགས་བསལ་འབྲེལ་བ་ཡོད་བསྡད་པ་ཞིག་ཆགས་བསྡད་ཡོད་རེད། དེ་འདྲ་ཡིན་དུས། གངས་ཅན་ཞིང་འདིར་འཕགས་པ་སྤྱན་རས་གཟིགས་ཀྱི་དམིགས་བསལ་གྱི་ཐུགས་སྐྱེད་སྨོན་ཡོད་བསྡད་པ་ཞིག་ཆགས་ཡོད། ངོས་ཀྱིས་ནམ་རྒྱུན་སྤུར་ཤུབ་འདྲ་བྱེད་ཀྱི་ཡོད། ངོས་འཕགས་པ་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་ཡིན་ད་ཟེར་གྱི་ཡོད། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཟེར་གྱི་ཡོད་རེད། ཡིན་ན་ཡང་དངོས་སུ་གནང་ཡ་གལ་མི་འདུག་ག མི་དང་མི་འབྲེལ་ནས་སྐད་ཆ་བཤད་མཁན་དང་། གོ་བསྡུར་བྱེད་མཁན་དེ་ངོས་ཆགས་བསྡད་ཡོད་རེད། བྱས་ཙང་འཕགས་པ་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་བཟོ་འདྲ་བོ་ཞིག་ངོས་ཡིན་དྲན་འདུག་གི་ཡོད་”ཅེས་གསུངས་པ་མ་ཟད། དཀའ་ཁག་གི་དུས་ཚོད་ནང་ཁོང་དང་ལྷན་དུ་བོད་ཀྱི་བསྟན་སྲིད་ཆེད་ལྷག་བསམ་རྣམ་དག་གིས་ཞབས་འདེགས་མཁན་ཚང་མ་ཚེ་རབས་ནས་ཚེ་རབས་བར་འཕགས་པ་སྤྱན་རས་གཟིགས་ཀྱིས་འབྲལ་མེད་རྗེས་སུ་འཛིན་པའི་ཐོག་ནས་རིམ་གྱིས་ས་ལམ་གྲོལ་ཏེ་རྣམ་མཁྱེན་རྒྱལ་བའི་གོ་འཕག་འཐོབ་ཐུབ་པ་ཞིག་ཡོང་བའི་བཀའ་ཡང་གནང་སོང་།
དེ་ནས་བརྟན་བཞུགས་ཀྱི་མཛད་སྒོ་གྲོལ་ལ་ཉེ་བའི་མཚམས་སུ་ཁོང་གིས་བརྟན་བཞུགས་འབུལ་མཁན་ཚོས་གསོལ་འདེབས་ཞུས་པའི་བཀའ་ལན་གྱི་ཚུལ་དུ་སྤྱིར་”ཇི་སྲིད་ནམ་མཁའ་གནས་པ་དང་། ། འགྲོ་བ་ཇི་སྲིད་གནས་གྱུར་བ། ། དེ་སྲིད་བདག་ནི་གནས་གྱུར་ཏེ། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག་”ཅེས་སྨོན་ལམ་རྒྱག་གི་ཡོད་ཀྱང་།
ད་ལྟར་འདིར་སྨོན་ལམ་གཅིག་པུ་མ་ཡིན་པར་ཁ་ཡོད་ལག་ཡོད་བོད་འབངས་གཙོ་བོར་གྱུར་བའི་སེམས་ཅན་མང་པོར་ཕན་ཐོགས་ཀྱི་ཡོད་པས། སྐུ་ཚེ་ཇི་ཙམ་བརྟན་ན་དེ་ཙམ་གྱིས་ཕན་འབྲས་ལྡན་པ་དང་། དགུང་ལོ་བརྒྱ་སྐོར་ལ་བཞུགས་རྒྱུ་ཡིན་པའི་ཞལ་བཞེས་ཀྱང་གནང་སོང་། །
གསར་འགོད་པ་དཀོན་མཆོག་རབ་བརྟན།