༧པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ཉིན་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་འཆར།
ཟླ་འདིའི་ཚེས་༢༥ ཉིན་ཏེ་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགུང་ལོ་༣༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ནས་ས་གནས་ཁག་ལྔ་ནས་གོམ་བགྲོད་འགོ་འཛུགས་བྱས་ཏེ། པཎ་ཆེན་རིན་པོ་ཆེ་རྒྱ་ནག་གཞུང་གི་བཙོན་འོག་ནས་གློད་གྲོལ་ཡོང་ཐབས་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་རེད།
ཟླ་འདིའི་ཚེས་༢༥ ཉིན་ཏེ་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགུང་ལོ་༣༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ནས་ས་གནས་ཁག་ལྔ་ནས་གོམ་བགྲོད་འགོ་འཛུགས་བྱས་ཏེ། པཎ་ཆེན་རིན་པོ་ཆེ་རྒྱ་ནག་གཞུང་གི་བཙོན་འོག་ནས་གློད་གྲོལ་ཡོང་ཐབས་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་རེད།
དེ་ཡང་ཟླ་འདིའི་ཚེས་༡༨ དྷ་སའི་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལས་ཁང་དུ་ཚོགས་གཙོ་སྒྲོན་མ་དབྱངས་ཅན་དང་ཚོགས་གཞོན་སྐལ་བཟང་གཡུ་སྒྲོན་གཉིས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས། པཎ་ཆེན་རིན་པོ་ཆེ་དགུང་ལོ་༣༠ ཟིན་པ་དང་། རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ། ལོ་༢༤ འཁོར་གྱི་ཡོད་ནའང་། ད་དུང་ས་གནས་གང་དུ་ཡོད་དང་སྐུ་འཚོ་བཞུགས་ཡོད་མེད་ཀྱི་གནས་སྟངས་ཀྱང་གསལ་པོ་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་མེད་པས། ཁོང་ད་ལྟ་སྐུ་འཚོ་བཞུགས་ཡོད་པར་རེེ་བ་བྱས་ཏེ། གློད་གྲོལ་ཡོང་ཐབས་སུ་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་པ་དང་། རྒྱལ་སྤྱིའི་ཐོག་ནས་ཁོང་གློད་གྲོལ་ཡོང་ཐབས་འབོད་སྐུལ་ཞུ་རྒྱུ་ཡིན་སྐོར་གསུངས་སོང་།
འདི་ལོའི་གོམ་བགྲོད་ལས་འགུལ་དེ་དྷ་ས་ནས་འགོ་འཛུགས་ཀྱིས་ཅན་དྷི་གྷར་བར་རུ་ཁག་གཅིག་དང་། རྡེ་རུ་རྡུན་ནས་འགོ་འཛུགས་ཀྱིས་ལྡི་ལི་བར་རུ་ཁག་གཅིག སྒང་ཏོག་ནས་ས་ལུ་སྒ་ར་བར་དུ་རུ་ཁག་གཅིག ནགྷ་པུར་ནས་ཆ་ཏྲིས་གྷར་བར་རུ་ཁག་གཅིག མེ་སོར་ནས་བྷེང་ལོར་བར་བཅས་རུ་ཁག་ལྔ་རུ་བགོས་ཡོད་པ་དང་། བསྡོམས་པའི་གོམ་བགྲོད་པ་སྐྱ་སེར་ཕོ་མོ་༩༠༠ ཡས་མས་མཉམ་ཞུགས་བྱེད་རྒྱུ་ཡིན་པ་རེད། ཕྱི་ཟླ་༤ པའི་ཚེས་༢༥ ཉིན་ཏེ། ལས་འགུལ་འགོ་འཛུགས་ཉིན་གཅིག་དུས་གཅིག་ཡིན་པ་དང་། མཇུག་བསྡོམས་ས་གནས་སོ་སོའི་ལམ་ཐག་དང་བསྟུན་ནས་བྱེད་རྒྱུ་ཡིན་པ་རེད།
ཉིན་དེར་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་། “ཕྱི་ལོ་༡༩༩༥ ལོ་ནས་རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་བཙན་ཁྲིད་བྱས་པ་ནས་བཟུང་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་ཡོངས་ནས་རྒྱ་གར་ནང་དུ་སྐུའི་འཁྲུངས་སྐར་དང་འཛིན་བཟུང་བྱས་པའི་ཉིན་མོར་ས་གནས་སོ་སོར་དྲིལ་བསྒྲགས་དང་གོ་རྟོགས་སོགས་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་བ་དང་། རྒྱལ་སྤྱིའི་ནང་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚན་པ་ཁག་ལ་ཞུ་གཏུགས་རེ་སྐུལ་འབུལ་ཡིག་དང་སྙན་ཐོ་འབུལ་རྒྱུས་མཚོན་ལས་འགུལ་རབ་དང་རིམ་པ་མང་དག་ཅིག་སྤེལ་ཡོད་ལ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞན་དང་ལྷན་དུ་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་༧མགོན་པོ་གང་ཉིད་གློད་གྲོལ་ཡོང་རྒྱུ་དང་གདན་ས་བཀྲིས་ལྷུན་པོར་ཞབས་སོར་བདེ་བར་མ་འཁོད་བར་ལས་འགུལ་མུ་མཐུད་སྤེལ་རྒྱུར་འབད་བརྩོན་ཧུར་ཐག་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་”ཅེས་འཁོད་འདུག
༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག ཕྱི་ལོ་༡༩༨༩ ལོའི་༤ པའི་ཚེས་༢༥ ཉིན་ནག་ཆུ་ཁུལ་ལྷ་རི་རྫོང་དུ་འཁྲུངས་ཡོད་པ་དང་། ཕྱི་ལོ་༡༩༩༥ ལོའི་ཟླ་༥ པའི་ཚེས་༡༤ ཉིན་༧གོང་ས་མཆོག་གིས་རྒྱ་གར་ནས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་གྱི་ཡོངས་ཁྱབ་གསལ་བསྒྲགས་གནང་སྟེ། ཡང་སྲིད་མཆོག་བཀྲ་ཤིས་ལྷུན་པར་སློབ་གཉེར་གསན་བཞེས་དང་ཆོས་ཕྱོགས་མཛད་འགན་བཞེས་རྒྱུར་རྒྱ་ནག་གཞུང་ལ་མཐུན་འགྱུར་རོགས་རམ་ཡོང་བའི་རེ་འདུན་བཏོན་གནང་མཛད་ཡོད་ནའང་། ལོ་དེའི་ཕྱི་ཟླ་༥ པའི་ཚེས་༡༧ ཉིན་༧པཎ་ཆེན་རིན་པོ་མཆོག་དང་ཁོང་གི་ནང་མི་རྣམས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་པ་དང་། དེའི་སྐབས་འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་ཆུང་ཤོས་དེ་ཆགས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།