༧པཎ་ཆེན་རིན་པོ་ཆེའི་སྐོར་གླེང་སློང་གནང་འདུག

མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་༤༡ པ་འཚོགས་བཞིན་པའི་སྐབས་དང་བསྟུན་ནས། ཟླ་༧ པའི་ཚེས་ ཉིན་སུད་སིའི་ཇི་ནི་ཝ་གྲོང་ཁྱེར་དུ་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཏེ་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད་པའི་སྐོར་ཟུར་དུ་ཚོགས་འདུ་བསྐོངས་ནས་གླེང་སློང་ཤུགས་ཆེ་བྱས་ཡོད་འདུག

དེ་ཡང་ཚོགས་འདུའི་སྟེང་པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གི་ཚོགས་གཙོ་གྲྭ་བློ་བཟང་རྡོ་རྗེ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་སྲིད་བྱུས་ངེས་སྟོན་པ་སྐུ་ཞབས་ཝིན་སན་ཊི་མ་ཊན། སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་འབྲེལ་མཐུད་པ་དཀོན་མཆོག་ཡག་ལྷ། ཇེ་ནི་ཝར་རྟེན་གཞི་བྱས་པའི་རྒྱལ་ཁབ་དག་གི་གཞུང་ཚབ་མི་སྣ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གི་སྐུ་ཚབ། ས་གནས་བོད་མི་ཁག་ཅིག་སོགས་མཉམ་ཞུགས་བྱས་འདུག

ཚོགས་འདུའི་ཐོག་པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གི་ཚོགས་གཙོ་གྲྭ་བློ་བཟང་རྡོ་རྗེ་ཡིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་བར་ཐུན་མོང་མ་ཡིན་པའི་བླ་སློབ་ཀྱི་འབྲེལ་བ་ཡོད་པའི་སྐོར་དང་།

རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་རྗེས། ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག   སྤྱི་ཚོགས། དཔལ་འབྱོར་ཡར་རྒྱས། ལྷག་པར་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ཆེད་སྐུ་ལས་བསྐྱོན་ཏེ་རླབས་ཆེན་གྱི་མཛད་རྗེས་བཞག་གནང་མཛད་ཡོད་པ་མ་ཟད། ཐ་ན་བཙོན་ཁང་ནང་ལོ་ངོ་དགུ་ལྷག་གི་རིང་མནར་སྤྱོད་མྱངས་མྱོང་ཡོད་པ།   ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གིས། རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་སྲིད་བྱུས་དེས་བོད་གངས་ཅན་ལྗོངས་ལ་ཕན་ལས་གནོད་མང་བ་བསྐྱལ་འདུག་ཅེས་རྒྱ་གཞུང་ལ་ལོ་རྒྱུས་རང་བཞིན་ལྡན་པའི་སྐྱོན་བརྗོད་ཤུགས་ཆེ་གནང་བའི་ཉིན་བཞིའི་རྗེས་ཏེ། ཕྱི་ལོ་ ༡༩༨༩ ཟླ་ ཚེས་ ༢༨ ཉིན་གློ་བུར་དུ་གཞིས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ། ཁོང་ལ་རྒྱ་གཞུང་གིས་དུག་སྤྲད་ནས་བཀྲོངས་ཡོད་པ་ཡིད་ཆེད་བྱེད་ཀྱི་ཡོད་པ། དེ་བཞིན་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཡབ་ཡུམ་བཅས་ཕྱི་ལོ་༡༩༩༥ ཟླ་༥ པའི་ཚེས་༡༧ ཉིན་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཁབ་ཀྱི་ངོས་ནས་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་ཡབ་ཡུམ་རྣམ་པ་དང་། དེ་བཞིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྩད་ཞིབ་ཚོགས་ཆུང་གི་ཚོགས་གཙོ་བྱ་བྲལ་རིན་པོ་ཆེ་མཆོག་བཅས་གང་དུ་ཡོད་མེད་དང་། ཁོང་རྣམ་པ་སྐུ་གཟུགས་གསལ་ཐང་ཡིན་མིན་ཐད་ལ་གནས་ཚུལ་ཁ་གསལ་ཞིག་ཡོང་ཆེད་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་ཞེས་འབོད་སྐུལ་ཤུགས་ཆེ་བྱས་ཡོད་འདུག

སྐུ་ཞབས་ཝིན་སན་ཊི་མ་ཊན་གྱིས། རྒྱ་གཞུང་གིས་བོད་ནང་ཆོས་ལུགས་རང་དབང་ཐོག་དྲག་གནོན་བྱེད་བཞིན་པའི་སྐོར་དང་། རྒྱལ་སྤྱིའི་ཚོགས་སྡེ་དང་ལྷག་པར་མཉམ་འབྲེལ་རྒྱལ་ཁབ་ཀྱི་འཐུས་མི་རྒྱལ་ཁབ་ཚོས་རྒྱ་ནག་གཞུང་གིས་མ་འོངས་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་འདེམས་སྒྲུག་བྱས་ཚེ། དེར་ངོས་ལེན་བྱ་རྒྱུ་མིན་པའི་བརྡ་ལམ་གསལ་པོ་ཞིག་རྒྱ་ནག་གཞུང་ལ་སྤྲོད་དགོས་པའི་འབོད་སྐུལ་བྱས་ཡོད་འདུག

ཐེངས་འདིའི་རྒྱལ་ཚོགས་ཀྱི་ཟུར་ཚོགས་སྟེང་གདན་ས་བཀྲ་ཤིས་ལྷུན་པོའི་རིག་གཞུང་འཛིན་སྐྱོང་བླ་སྤྱི་ལྷན་ཁང་གིས་མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ལྕམ་མི་ཤལ་བྷེ་ཆེ་ལེཌ་མིང་ཐོག་ལ། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ངོས་ནས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་ཡོང་རྒྱུའི་ཐད་འཕྲལ་དུ་རྒྱ་ནག་གཞུང་ལ་གནོན་ཤུགས་སོགས་སྤྲོད་དགོས་པའི་ཞུ་ཡིག་དང་ལྷན་དུ། མང་ཚོགས་ཀྱིས་རྒྱབ་སྐྱོར་མིང་རྟགས་འཁོད་པའི་དེབ་གཉིས་སྤྲད་ཡོད་འདུག 

ཟུར་ཚོགས་དེ་ཡང་འཇིག་ཉེན་འོག་གི་མི་རིགས་སྲུང་སྐྱོབ་ཚོགས་(Society for Threatened People)པས་གོ་སྒྲིག་བྱས་པ་ཞིག་ཡིན་འདུག་པ་དང་། སྐབས་དེར་བོད་ནང་གི་བོད་མིའི་ཆོས་དད་རང་དབང་ལ་རྒྱ་གཞུང་གི་དམ་དྲག་ཞེས་པའི་གླེང་བརྗོད་ཐོག་ཟུར་ཚོགས་ལས་རིམ་གནང་ཐོག་གཙོ་བོ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་གླེང་སློང་བྱས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།