༧རྫོགས་ཆེན་རིན་པོ་ཆེས་རྙིང་མའི་དབུ་འཛིན་ཞལ་བཞེས་གནང་མི་འདུག
རྙིང་མའི་སྨོན་ལམ་ཆེན་མོ་སྐབས་ ༢༩ པའི་ཐོག་སྔ་འགྱུར་རྙིང་མའི་མ་དགོན་དྲུག་གི་བསྟན་པའི་བདག་པོ་རྣམས་རེས་མོས་ཀྱིས་ལོ་གསུམ་རེར་དབུ་འཛིན་གནང་གཏན་ཁེལ་བའི་ཐག་གཅོད་སོར་གནས་དགོངས་དོན་བཞིན། རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་༣༠ པའི་ཐོག་རྫོགས་ཆེན་རིན་པོ་ཆེ་རྙིང་མའི་དབུ་འཛིན་དུ་བསྐོ་བཞག་གནང་གཏན་ཁེལ་ཡོད་ནའང་། ཁོང་གིས་ཞལ་བཞེས་གནང་མེད་པ་རེད།
རྙིང་མའི་སྨོན་ལམ་ཆེན་མོ་སྐབས་ ༢༩ པའི་ཐོག་སྔ་འགྱུར་རྙིང་མའི་མ་དགོན་དྲུག་གི་བསྟན་པའི་བདག་པོ་རྣམས་རེས་མོས་ཀྱིས་ལོ་གསུམ་རེར་དབུ་འཛིན་གནང་གཏན་ཁེལ་བའི་ཐག་གཅོད་སོར་གནས་དགོངས་དོན་བཞིན། རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་༣༠ པའི་ཐོག་རྫོགས་ཆེན་རིན་པོ་ཆེ་རྙིང་མའི་དབུ་འཛིན་དུ་བསྐོ་བཞག་གནང་གཏན་ཁེལ་ཡོད་ནའང་། ཁོང་གིས་ཞལ་བཞེས་གནང་མེད་པ་རེད།
ད་ལྟ་རྙིང་མའི་དབུ་འཛིན་ཁྲི་རབས་བརྒྱད་པར་སླེབས་ཡོད་པ་དང་། དབུ་འཛིན་དུ་བསྐོ་བཞག་གནང་ནས་ཞལ་བཞེས་མ་གནང་མཁན་བྱ་བྲལ་རིན་པོ་ཆེ་དང་། རྡོ་གྲུབ་རིན་པོ་ཆེ། རྫོགས་ཆེན་རིན་པོ་ཆེ་བཅས་བྱུང་ཡོད་པ་རེད། ཞལ་བཞེས་གནང་མཁན་བདུད་འཇོམས་རིན་པོ་ཆེ། དིལ་མགོ་མཁྱེན་རྩེ་རིན་པོ་ཆེ། པད་ནོར་རིན་པོ། སྨིན་གླིང་ཁྲི་ཆེན་རིན་པོ། འཁྲུལ་ཞིག་རིན་པོ་ཆེ། སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ། ཀ ཿཐོག་དགེ་རྩེ་རིན་པོ་ཆེ་བཅས་ཡིན་པ་རེད།
དེ་ཡང་༡༠༡༩ ལོའི་ཟླ་༡ ཚེས་༡༤ ཉིན་རྒྱ་གར་རྡོ་རྗེ་གདན་དུ་རྙིང་མའི་སྨོན་ལམ་ཐེངས་སུམ་བཅུ་པ་འཚོགས་པ་དང་སྟབས་བསྟུན། རྙིང་མའི་སྤྱི་འཐུས་དང་། རྙིང་མ་སྨོན་ལམ་ཆེན་མོའི་རྒྱུན་ལས་རྣམས། རྙིང་མའི་བླ་ཆེན་རྣམ་པ་མཉམ་ཞུགས་ཀྱིས་སྔོན་གྱི་འགྲོ་ལུགས་གྲོས་ཆོད་གཏན་འབེབས་གཞིར་བཟུང་། གྲོས་བསྡུར་བྱས་མཐར་རྙིང་མའི་དབུ་འཛིན་ཁྲི་རབས་བརྒྱད་པར་རྫོགས་ཆེན་རིན་པོ་ཆེ་བསྐོ་བཞག་ཞུས་ཡོད་པ་རེད།
ཕྱི་ཟླ་༥ ཚེས་༢༩ ཉིན་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་བྱེས་ཀྱི་རྫོགས་ཆེན་དགོན་དུ་རྫོགས་ཆེན་རིན་པོ་ཆེར་རྙིང་མའི་མ་དགོན་ཁག་གི་སྐུ་ཚབ་དང་། རྡོ་གདན་རྙིང་མའི་སྨོན་ལམ་གྱི་རྒྱུན་ལས། བལ་ཡུལ། འབྲས་ལྗོང་། འབྲུག་བཅས་དང་། རྙིང་མའི་སྤྱི་འཐུས་གཉིས་བཅས་ཆེད་བཅར་གྱིས་སྙན་སེང་ཞུས་ཡོད་ནའང་། ཁོང་གིས་ཞལ་བཞེས་གནང་མེད་པ་རེད།
ཕྱི་ཟླ་༥ ཚེས་༣༠ ཉིན་རྙིང་མའི་མ་དགོན་ཁག་གི་སྐུ་ཚབ་དང་། རྙིང་མའི་སྨོན་ལམ་གྱི་རྒྱུན་ལས། རྙིང་མའི་སྤྱི་འཐུས་གཉིས་བཅས་ཐུན་མོང་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “༧སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་མཆོག་ནས་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་ཐོག་བརྒྱད་པ་ཞལ་བཞེས་གནང་ཐོབ་བྱུང་མ་སོང་། དེ་ཡང་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་༣༠ པའི་ཐོག་སྔ་འགྱུར་རྙིང་མའི་དབུ་འཛིན་ཕེབས་ཕྱོགས་སྐོར་གྲོས་མོལ་བྱུང་དོན་དང་། དེའི་སྔོན་སྨོན་ལམ་ཆེན་མོ་སྐབས་༢༩ པའི་ཐོག་སྔ་འགྱུར་རྙིང་མའི་མ་དགོན་དྲུག་གི་བསྟན་པའི་བདག་པོ་རྣམས་རེས་མོས་ཀྱིས་ལོ་གསུམ་རེ་གནང་གཏན་ཁེལ་བའི་ཐག་གཅོད་སོར་གནས་དགོངས་དོན་བཞིན། ད་ལམ་དཔལ་རྒྱལ་བ་རྫོགས་ཆེན་དགོན་གྱི་བསྟན་བདག་༸སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་གང་ཉིད་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་ཐོག་བརྒྱད་པར་བཞུགས་རྒྱུའི་སྙན་སེང་ཞུ་ཆེད། ཀོ་ལེ་གྷལ་བྱེས་ཀྱི་རྫོགས་ཆེན་དགོན་དུ་རྙིང་མའི་མ་དགོན་ཁག་གི་སྐུ་ཚབ་དང་། རྡོ་གདན་རྙིང་མའི་སྨོན་ལམ་གྱི་རྒྱུན་ལས། བལ་ཡུལ། འབྲས་ལྗོང་། འབྲུག་བཅས་དང་། རྙིང་མའི་སྤྱི་འཐུས་གཉིས་བཅས་ཆེད་བཅར་གྱིས་རེ་བསྐུལ་གསོལ་འདེབས་ཨུ་ནན་ཞུས་ཀྱང་༸སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་མཆོག་ནས་བསྟན་པ་སྤྱི་དང་བྱེ་བྲག་བཅས་ལ་ཐུགས་བསྐྱེད་མཛད་འཕྲིན་རྒྱ་ཆེར་བསྐྱངས་དང་སྐྱོང་བཞིན་ཡང་ཐེངས་འདིར་སྔ་འགྱུར་རྙིང་མའི་དབུ་འཛིན་གྱི་མཚན་གནས་བཞེས་རྒྱུར་༸སྐྱབས་རྗེ་རིན་པོ་ཆེའི་སྐུ་སྒེར་གྱི་དགོངས་པ་བཞེས་ཕྱོགས་དང་། དེ་བཞིན་འཕྲོད་བསྟེན་གྱི་ལམ་སྟོན་གནས་བབ་བཅས་ཀྱི་ཞལ་བཞེས་གནང་ཐོབ་བྱུང་མ་སོང་”ཞེས་འཁོད་འདུག
མ་འོངས་སྔ་འགྱུར་རྙིང་མའི་དབུ་འཛིན་ཕེབས་ཕྱོགས་སྐོར་སྔོན་ནས་ཐག་གཅོད་བཞིན་འདི་ལོའི་རྡོ་གདན་རྙིང་མའི་སྨོན་ལམ་ཆེན་མོའི་སྐབས་རྙིང་མའི་བླ་ཆེན་ཁག་དང་སྐུ་ཚབ་བཅས་ནས་གོ་བསྡུར་གྱིས་གནང་རྒྱུ་ཡིན་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།