༧སྐྱབས་རྗེ་རྡོ་གྲུབ་སྐུ་འཕྲེང་བཞི་པ་སྐུ་གཤེགས་ཡོད་པ་རེད།

ཟླ་འདིའི་ཚེས་༢༥ ཉིན་༧སྐྱབས་རྗེ་རྡོ་གྲུབ་སྐུ་ཕྲེང་བཞི་པ་འཇིགས་མེད་ཐུབ་བསྟན་འཕྲིན་ལས་དཔལ་འབར་མཆོག རྒྱ་གར་བྱང་ཕྱོགས་འབྲས་ལྗོངས་མངའ་སྡེར་རྟེན་གཞི་བྱས་པའི་རྡོ་གྲུབ་མཆོད་རྟེན་དགོན་དུ་སྐུ་གཤེགས་ཡོད་པ་རེད།

ཟླ་འདིའི་ཚེས་༢༥ ཉིན་༧སྐྱབས་རྗེ་རྡོ་གྲུབ་སྐུ་ཕྲེང་བཞི་པ་འཇིགས་མེད་ཐུབ་བསྟན་འཕྲིན་ལས་དཔལ་འབར་མཆོག རྒྱ་གར་བྱང་ཕྱོགས་འབྲས་ལྗོངས་མངའ་སྡེར་རྟེན་གཞི་བྱས་པའི་རྡོ་གྲུབ་མཆོད་རྟེན་དགོན་དུ་སྐུ་གཤེགས་ཡོད་པ་རེད།

༸སྐྱབས་རྗེ་རྡོ་གྲུབ་སྐུ་ཕྲེང་བཞི་པ་ནི་བོད་ཁམས་ཕྱོགས་གསེར་རྟ་རྫོང་གསེར་སྨད་ཡང་གོ་རུ་༡༩༢༧ ལོར་ཡབ་རྗེས་དཀར་དགྲ་བླ་དང་། ཡུམ་ཀ་བཞི་བཟའ་ཀ་ལི་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པ་དང་། རྡོ་གྲུབ་རིན་པོ་ཆེ་སྐུ་ཕྲེང་བཞི་པར་ངོས་འཛིན་གྱིས་ཁྲི་ལ་བཀོད་རྗེས། མཁན་ཆེན་ཀུན་དགའ་བློ་གྲོས་ཀྱིས་ཡོངས་འཛིན་མཛད་དེ་སྐུ་ཡི་བདག་གཉེར་མཛད། དགུང་གྲངས་བཞི་ལ་སོན་པའི་དབྱར་ཁར་གདན་ས་རྡོ་གྲུབ་ཆེན་དགོན་གཙང་ཆེན་དངོས་གྲུབ་དཔལ་འབར་གླིང་དུ་གདན་དྲངས། གསེར་རྟའི་ཡུལ་སྡེ་ཁག་དང་། མགོ་ལོག རྨེ་བ། འཛི་ཀ་སྟོད་སྨད། རྒྱལ་རོང། དབལ་ཤུལ་ཁྲོ་ཁོ། རྔ་ཁོག ཤར་རོང་པོའི་རེབ་གོང་ཚུན་གྱི་མི་སྣ་འཛོམས་ནས་ཕེབས་བསུ་རིམ་པ་གསུམ་གྱིས་སྣེ་ལེན་གཟབ་རྒྱས་ཞུས་ཤིང་གདན་སའི་གསེར་ཁྲིར་བཀོད། མདོ་སྔགས་ཀྱི་ཆོས་ཚུལ་གསན་བསམ་མཛད་པ་དང་། ཕྱི་ལོ་༡༩༤༤ ལོར་བོད་དབུས་ཕྱོགས་སུ་ཕེབས་སྐབས། འབྲི་ཆུའི་ཆུ་དམར་རབ་བདུན་དང་བསམ་གཏན་གངས་བཟང་སོགས་བརྒྱུད་རིམ་གྱིས་དབུ་རུ་བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་དང་འཕན་པོ་ནཱ་ལེནྡྲ་སོགས་མཇལ་ནས། ཟླ་བཅུ་པར་ལྷ་སར་འབྱོར་ནས་ཇོ་ཤཱག་རྣམ་གཉིས་དང་། པོ་ཕྲང་པོ་ཏཱ་ལའི་རྟེན་གཙོ་ཇོ་བོ་ལོ་ཀི་ཤྭ་ར་སོགས་དང་། དབུས་གཙང་ཕྱོགས་ཀྱི་ཆོས་སྡེ་ཁག་ལ་མཆོད་མཇལ་ཞུས།

བོད་དབུས་གཙང་ནས་ཕྱིེར་ཕེབས་མཚམས། རྡོ་གྲུབ་ཆེན་དགོན་ཡུལ་གཉིས་ཀྱིས་རྡོ་གྲུབ་ཆེན་དགོན་གཙང་ཆེན་དངོས་གྲུབ་དཔལ་འབར་གླིང་གི་བསྟན་པའི་ཐུགས་འགན་བཞེས་དགོས་ཞེས་ཇི་ལྟར་གསོལ་བ་བཏབ་པ་བཞིན་རྒྱ་གར་དུ་བཙན་བྱོལ་ལ་མ་ཕེབས་བར་དུ་ཐུགས་ཁུར་བཞེས། དགུང་ལོ་ཉེར་ལྔའི་ཐོག་ཁོང་གི་ཉམས་སྣང་དང་རྩ་བའི་བླ་མས་ལུང་བསྟན་བཞིན། སྡེ་དགེའི་ཕྱོགས་སུ་ཕེབས་ནས། རུ་དམ་རྫོགས་ཆེན་བསམ་གཏན་ཆོས་གླིང། རྫོགས་ཆེན་རྒྱལ་རོང་རྟགས་བརྟན་སྒྲུབ་སྡེ། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང། རྫོང་སར་བཀྲ་ཤིས་ལྷ་རྩེ་རྣམས་སུ་ཕེབས་ནས། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། རྒྱ་རོང་ནམ་སྤྲུལ་འགྲོ་འདུལ་གར་གྱི་རྡོ་རྗེ། ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས། རྫོགས་ཆེན་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ། རྫོགས་ཆེན་མཁན་པོ་ཐུབ་བསྟན་སྙན་གྲགས་སོགས་ཀྱི་མདུན་ནས། སྔ་འགྱུར་བཀའ་མ། རིན་ཆེན་གཏེར་མཛོད། སྙིང་ཐིག་གོང་འོག གྲོལ་ཐིག་སྨིན་གཏེར། བྱང་གཏེར་སྐོར། བཀའ་བརྒྱུད་སྔགས་མཛོད། བདེ་གསང་འཇིགས་གསུམ། དུས་འཁོར་དབང་ཆེན་སོགས་གདམས་པ་མང་དུ་མནོས། ཞོར་ལ་བཀའ་འགྱུར་དང་རིག་འཛིན་འཇིགས་གླིང་སོགས་སྐྱེས་ཆེན་མང་པོའི་གསུང་འབུམ། གསེར་ཟངས་ལས་གྲུབ་པའི་གུ་རུ་སྣང་སྲིད་ཟིལ་གནོན་དང་སྙིང་ཐིག་གི་བླ་རྒྱུད་ཆ་ཚང་སོགས་སྐུ་གསུང་ཐུགས་རྟེན་དུ་མ་གདན་འདྲེན་ཞུས་ནས་གདན་ས་རྡོ་གྲུབ་དགོན་དུ་ཕེབས།

ཕྱི་ལོ་༡༩༥༧ ལོའི་ཟླ་༡༠ ཚེས་༡༢ ལ་འབྲས་ལྗོངས་སྒང་ཏོག་ལ་ཕེབས་འབྱོར་བྱུང་བ་དང་། དེ་རྗེས་སུ་འབྲས་ལྗོངས་མཆོད་རྟེན་དགོན་གསར་འཛུགས་གནང་ནས། བཤད་གྲྭ། སྒྲུབ་གྲྭ་གསར་དུ་བཞེངས། འབྲུག་ཡུལ་སོགས་སུ་ཆོས་སྡེ་མང་པོ་གསར་འཛུགས་གནང། གཞན་ཡང་ཨ་རི། དབྱིན་ཡུལ། ཐའེ་ཝན་སོགས་ཀྱི་སྐལ་ལྡན་གྱི་སློབ་མ་རྣམས་ལ་རྒྱུད་དང་བསྟུན་ནས་ཆོས་ཟབ་ཀྱི་གདམས་པ་བསྩལ། རྒྱ་ནག་གཞུང་གིས་དམ་དྲག་གི་སྲིད་བྱུས་ཅུང་གུ་ཡངས་བཏང་སྐབས། ཐེངས་འགའ་ཤས་ལ་གསེར་རྟ་མངའ་ཁུལ་ཀྱི་སྐུའི་འཁྲུངས་གཞིས་དང་གྲུབ་ཆེན་གདན་ས་གོང་འོག་སོགས་སུ་ཕེབས་ཤིང། ལྷག་དོན་གདན་ས་གོང་མ་གྲུབ་ཆེན་ཡར་ལུང་དགོན་པ། གདན་ས་འོག་མ་རྡོ་གྲུབ་ཆེན་གཙང་ཆེན་དངོས་གྲུབ་དཔལ་འབར་གླིང་གཉིས་སུ་སོགས་སུ་སྙིང་ཐིག་ཡ་བཞི། རིན་ཆེན་གཏེར་མཛོད་སོགས་ཀྱི་བཀའ་ཆོས་བསྩལ་བ་དང། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དང་གཞན་ཡང་ཁམས་དང་ཨ་མདོ་ཁུལ་གྱི་གསང་བ་སྙིང་ཐིག་གི་བརྒྱུད་པའི་རིང་ལུགས་འཛིན་པའི་དགོན་སྡེ་ཁག་སོགས་རིས་མེད་ཀྱི་ཆོས་སྡེ་མང་པོར་ཕེབས།

གནས་མཆོག་རྡོར་གདན་དུ་སྔ་འགྱུར་རྙིང་མ་པའི་སྨོན་ལམ་ཆེན་མོ་ཐེངས་༢༣ པའི་སྐབས་སྔ་འགྱུར་རྙིང་མའི་བླ་ཆེན་ཁག་དང་དགོན་སྡེ་ཁག་གི་སྐུ་ཚབ་རྣམས་འཛོམས་སར་༸སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་དང། ༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་རྣམ་པ་གཉིས་ལ་སྔ་འགྱུར་རྙིང་མའི་དབུ་འཛིན་གྱི་ཐུགས་འགན་བཞེས་པའི་གསོལ་བ་འདེབས་རྒྱུའི་མོས་མཐུན་བྱུང་བ་བཞིན། ཕྱི་ལོ་༢༠༡༢ ཟླ་༢ ཚེས་༢༧ ཉིན་ཞེ་ཆེན་རབ་འབྱམས་རིན་པོ་ཆེ། རྫོགས་ཆེན་རིན་པོ་ཆེ། ཀཿཐོག་དགེ་རྩེ་རིན་པོ་ཆེ། གྱང་ཁང་རིན་པོ་ཆེ། མཁོ་ཁྱིམ་རིན་པོ་ཆེ། རྙིང་མའི་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་དང་རྒྱ་རི་བུ་ཕྲུག་བཅས། ༸སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་ཐུབ་བསྟན་ཕྲིན་ལས་དཔལ་འབར་མཆོག་གི་སྐུ་མདུན་དུ་ཆེད་བཅར་གྱིས་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པའི་ཐུགས་འགན་མཛད་བཞེས་ཡོང་བའི་གསོལ་འདེབས་སྙན་སེང་ཞུས་པར་དགུང་ན་མཐོ་བ་དང་སྐུ་གཟུགས་བདེ་མིན་སོགས་ཀྱིས་སྔ་འགྱུར་རྙིང་མ་པའི་དབུ་འཛིན་གནང་རྒྱུའི་ཞལ་བཞེས་གནང་མེད་པ་རེད།

༢༠༢༢ ལོའི་ཕྱི་ཟླ་༡ ཚེས་༢༥ ཉིན་༧སྐྱབས་རྗེ་རྡོ་གྲུབ་སྐུ་འཕྲེང་བཞི་པ་འཇིགས་མེད་ཐུབ་བསྟན་འཕྲིན་ལས་མཆོག རྒྱ་གར་བྱང་ཕྱོགས་འབྲས་ལྗོངས་མངའ་སྡེར་རྟེན་གཞི་བྱས་པའི་རྡོ་གྲུབ་མཆོད་རྟེན་དགོན་དུ་སྐུ་གཤེགས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།