༸གོང་ས་མཆོག་གིས་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་གསུང་འཕྲིན་བསྩལ།
གནས་བརྟན་སྡེ་པའི་ལུགས་ལྟར་ན་ཕྱི་ལོ་༢༠༢༢ ཟླ་༥ ཚེས་༡༦ དང་བོད་ཟླ་༣ ཚེས་༡༥ ཉིན་སྟོན་པ་མཉམ་མེད་ཤཀྱཱ་ཐུབ་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་བཅས་དུས་ཆེན་གསུམ་འཛོམས་འཁེལ་ཡོད་པར་བརྟེན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་བརྟན་སྡེ་པའི་རྗེས་འབྲང་པ་གཙོ་བོར་གྱུར་བའི་ནང་པའི་ཆོས་གྲོགས་ཕོ་མོ་ཡོངས་ལ་བཀའ་སློབ་བསྩལ་བ་གཤམ་གསལ།
གནས་བརྟན་སྡེ་པའི་ལུགས་ལྟར་ན་ཕྱི་ལོ་༢༠༢༢ ཟླ་༥ ཚེས་༡༦ དང་བོད་ཟླ་༣ ཚེས་༡༥ ཉིན་སྟོན་པ་མཉམ་མེད་ཤཀྱཱ་ཐུབ་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་བཅས་དུས་ཆེན་གསུམ་འཛོམས་འཁེལ་ཡོད་པར་བརྟེན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་བརྟན་སྡེ་པའི་རྗེས་འབྲང་པ་གཙོ་བོར་གྱུར་བའི་ནང་པའི་ཆོས་གྲོགས་ཕོ་མོ་ཡོངས་ལ་བཀའ་སློབ་བསྩལ་བ་གཤམ་གསལ།
ཆོས་གྲོགས་ཚོ་སྐུ་ཁམས་བཟང་བཀྲ་ཤིས་བདེ་ལེགས། དེ་རིང་ས་ག་ཟླ་བའི་དུས་ཆེན་རེད། ས་ག་ཟླ་བ་ནི་བཅོམ་ལྡན་འདས་ཀྱིས་ལོ་དྲུག་དཀའ་སྤྱད་མཛད་ནས་མངོན་པར་རྫོགས་པ་སངས་རྒྱས་པའི་མཛད་པ་མཛད་རྒྱུའི་དུས་ཚིགས་ཁྱད་པར་ཅན་ཆགས་ཡོད། བཅོམ་ལྡན་འདས་རང་ཉིད་ཀྱི་ཉམས་མྱོང་ཐོག་ནས་དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟགས་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་པ་འདི་བཅོམ་ལྡན་འདས་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་རེད་འདུག བཅོམ་ལྡན་འདས་རང་ཉིད་ཀྱི་བཀའ་ལ་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་དཔྱད་པ་བྱེད་ཅེས་གསུངས་འདུག ངོས་ཀྱིས་ཆོས་ལུངས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། ཧ་ཅང་ཡག་པོ་རེད། ཚང་མས་སྙིང་རྗེ་གསུང་གི་ཡོད་པ་རེད། ཧ་ཅང་ཡག་པོ་རེད། འོན་ཀྱང་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་དཔྱད་པ་བྱོས་ཟེར་རྒྱུ་འདི་ཆོས་ལུགས་གཞན་ལ་ཕལ་ཆེར་མེད།
བཅོམ་ལྡན་འདས་ཀྱི་བསླབ་བྱ་གཙོ་བོ་གཅིག་ནི། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་།། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།། ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་སྟེ།། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བ་འགྱུར།། ཞེས་སངས་རྒྱས་བཅོམ་ལྡན་འདས་རྩ་བ་སྙིང་རྗེ་ཆེན་མོའི་བདག་ཉིད་ཅན་འདི་ཉིད་ཀྱིས་འདུལ་བྱ་ལ་བརྩེ་བའི་ཐོག་ནས་ཁོང་གི་ཐུགས་བརྒྱུད་ཀྱི་རྟོགས་པའི་ཡོན་ཏན་མི་ལ་སྦྱིན་རྒྱུ་སོགས་མེད། གནས་ལུགས་འགྲེལ་བཤད་བསྐྱོན་པ་དེ་ལ་གདུལ་བྱས་བསམ་བློ་བཏང་སྟེ་ཉམས་སུ་བླངས། དེར་བརྟེན་བཅོམ་ལྡན་འདས་ཀྱི་ཆོས་འཁོར་རིམ་པ་གསུམ་ཟེར་རྒྱུ་འདི་ངོས་ཀྱིས་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག བདེན་བཞི་ཆོས་འཁོར་ཞེས་པས་ཀུན་འབྱུང་བདེན་པ། སྡུག་བསྔལ་བདེན་པ། ལམ་གྱི་བདེན་པ། འགོག་པའི་བདེན་པ་ཞེས་བདེན་པ་བཞིའི་རྣམ་གཞག་གསུངས་པ་འདི་སངས་རྒྱས་པའི་ཆོས་ཀྱི་སྒྲོམ་གཞི་རེད་འདུག འགོག་པའི་བདེན་པ་ཞེས་པ་འདི་ཇི་ལྟར་ཡོང་གི་རེད་ཅེས་དྲི་བ་ཞིག་སླེབ་ཡོང་གི་རེད། དེར་བརྟེན་སེམས་ཀྱི་ཆོས་ཉིད་ཟེར་རྒྱུ་འདི་ཤོད་ཀྱི་ཡོད་པ་རེད།
ཆགས་སོགས་ཉོན་མོངས་ཚང་མའི་རྩ་བ་བདག་ཏུ་འཛིན་པའི་བདག་འཛིན་ལ་ཐུག་གི་ཡོད་སྟབས། བཅོམ་ལྡན་འདས་ཀྱིས་གནས་བྱ་རྒོད་ཕུང་པོ་རིར་ཤེར་ཕྱིན་གྱི་ཆོས་འཁོར་གསུངས་ཏེ་གཟུགས་སྟོང་པའོ་སྟོང་པ་ཉིད་གཟུགས་སོ། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། ཞེས་པའི་སྟོང་ཉིད་བཞི་སྐོར་འདི་གསུངས་འདུག དེས་བདག་ཏུ་འཛིན་པ་དེ་ལ་གཉེན་པོ་མཐར་ཐུག་ལྟ་བུ་བདག་མེད་རྟོགས་པའི་ཤེས་རབས་ཆགས་ཡོད། དེར་བརྟེན་འཁོར་ལོ་དང་པོ་འགོག་བདེན་ཞེས་པ་འདི་ཡོང་སྲིད་པ་དང་། དེ་ཇི་ལྟར་ཡོད་དམ་ཞེ་ན། བདག་ཏུ་འཛིན་པ་དེ་ལ་གཉེན་པོ་ཡོད་དམ་མེད། གཉེན་པོ་ཡོད་ན་དེ་གོམས་ཐུབ་རྒྱུ་ཡོད་དམ་མེད། དེ་གོམས་པའི་ཐོག་ནས་བདག་ཏུ་འཛིན་པ་སེལ་ཐུབ་པ་འདི་ཚན་རིག་དང་མཐུན་པ་རེད་འདུག དེར་བརྟེན་གནས་བྱ་རྒོད་ཕུང་པོ་རིར་ཤེར་ཕྱིན་གྱི་ཆོས་འཁོར་དེ་དག་གསུངས། གཞན་ཡང་ཤེར་ཕྱིན་གྱི་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱི་མ་སྒྲུབ་པ་རེད་ཅེས་པ་འདི་ཕྲན་བུ་རྟོགས་ཁག་པོ་ཆགས་ཡོང་དུས་འཁོར་ལོ་མཐའ་མའི་གདུལ་བྱ་ཁམས་དང་བསྟུན་ནས་ང་ཚོས་མཐོང་བཞིན་པའི་གཟུགས་འདི་སྣང་པ་ལྟར་སྒྲུབ་ཡོད་མ་རེད་ཅེས་པ་སྐད་ཆ་འདི་སླེབ་ཡོང་དུས་ནང་སེམས་ཀྱི་བདག་ཉིད་རེད་ཅེས་པའི་གཟུང་འཛིན་གཉིས་སྟོང་ཞེས་པ་འདི་གསུང་གི་ཡོད་པ་འདི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལྟ་གྲུབ་ཐོག་ནས་དངོས་གནས་དྲང་གནས་ཧ་ཅང་ཟབ་པོ་རེད་འདུག
ངོས་ལ་ཆ་བཞག་ན་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་དཀྱུས་མ་ཞིག་ཆགས་ཡོད། ཞོགས་པ་ཡར་ལངས་པ་དང་རྟེན་འབྲེལ་བསྟོད་པ་བཏོན་ནས་ཐུབ་དབང་གིས་རྟེན་འབྱུང་གི་དེ་ཁོ་ན་ཉིད་གསུངས་པ་དེར་བསམ་བློ་བཏང་། དེ་ནས་བྱང་ཆུབ་ཀྱི་སེམས་བསམ་བློ་བཏང་སྟེ་ཉིན་ལྟར་དེ་བཞིན་འགྲོ་ཡི་ཡོད། དེས་སེམས་ལ་ཧ་ཅང་ཕན་གྱི་འདུག དེའི་དགོངས་འགྲེལ་མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བ་ཤེས་རབས་ནང་དེ་དག་འགྲེལ་བཤད་སྐྱོན་ཡོང་དུས་དངོས་འབྲེལ་རང་དབང་མེད་པར་ཡིད་འཕྲོག་ཡོང་རྒྱུ་ཞིག་དང་། སྟོང་ཉིད་ཀྱི་གོ་བ་ཇི་ཙམ་ཟབ་ཏུ་ཕྱིན་པའི་ཚོད་ཀྱིས་སྟོང་པ་ཉིད་ཀྱི་དོན་ལ་རྨོངས་ནས་འཛམ་གླིང་འདིའི་སྟེང་ཆགས་སྡང་ཧ་ཅང་ཡོང་བཞིན་པ་འདི་ལ་སྙིང་རྗེ་སྐྱེ་རྒྱུ་དང་། དེ་དག་ལ་ཐབས་ཇི་ལྟར་བྱས་ནས་རྨོངས་པ་སེལ་ཐུབ་ན་བསམ་པའི་བློ་ཞིག་སླེབ་ཡོང་གི་འདུག ཧ་ཅང་ཕན་ཐོགས་རེད་འདུག
སངས་རྒྱས་བཅོམ་ལྡན་འདས་རྩ་ཆེན་པོ་རེད་ཅེས་པ་ཙམ་མིན་པར་སྟོན་པའི་མཛད་པ་བཅུ་གཉིས་ཞེས་པ་དེ་འདྲ་ཡོད། རང་གི་སྟོན་པའི་མཛད་པའི་ཡོན་ཏན་དེ་འདྲ་ཆོས་ལུགས་གཞན་ཡིན་ནའང་གསུང་རྒྱུ་དེ་འདྲ་ཡོང་གི་རེད། གསུངས་ལ་དཔྱད་པ་བྱས་པའི་ཐོག་ནས་བསམ་བློ་གཏོང་རྒྱུ་དེ་ཕལ་ཆེར་བཅོམ་ལྡན་འདས་རང་གི་ཆོས་ལུགས་དེ་ཐུན་མོང་མིན་པ་ཞིག་རེད་འདུག ཇི་ཙམ་རིགས་པས་དཔྱད་པ་བྱས་ན་དེའི་ཚོད་ཀྱིས་སེམས་ལ་ངེས་པ་རྙེད་རྒྱུ་ཞིག་དང་། མཐར་གཏུགས་ཡོང་དུས་རང་རྒྱུད་ཀྱི་བདེན་འཛིན་ལ་གནོད་ཐུབ་རྒྱུའི་དབུ་མ་འཇུག་པའི་ཚིག་ངོས་ཀྱིས་ཉིན་ལྟར་འདོན་གྱི་ཡོད།
དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་པའི། །རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ། །སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར། །རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ། །རྟག་ཏུ་འགོག་པར་གཏོགས་པའི་སེམས་ལྡན་ཡིན་མོད་ཀྱི།། འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད།། དེ་གོང་བདེ་གཤེགས་གསུང་སྐྱེས་སངས་རྒྱས་འབྲིང་བཅས་ནི།། མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པའང་ཡིན།། ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ།། ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡི།། བདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས།། རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ།། ཅེས་པ་དེར་ངོས་ཀྱིས་ཉིན་ལྟར་བསལ་བློ་གཏོང་གི་ཡོད།
བདེན་གཉིས་ཀྱི་ཤོག་པ་ཟུང་དུ་འབྲེལ་བའི་ཐོག་ནས་རིམ་བཞིན་ས་ལམ་བགྲོད་ཡོང་དུས་སོ་སྐྱེས་ལས་དང་པོ་བ་ཚོ་ལ་ག་ལེར་ཕེབས་བརྗོད་རྒྱུའི་རེ་བ་རྒྱག་བཞིན་ཡོད། སྐྱེས་ས་མདོ་སྨད་ས་མཐའ་ནས་སྐྱེས་པའི་མི་ཞིག་གང་ལྟར་དཔལ་ལྡན་ལྷ་མོས་ཨ་ཀ་མ་ཞེས་པའི་ཡི་གེ་ཐོག་ནས་གསུངས་པ་མ་ཟད། ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པ་ཆགས་ཡོད། དེར་བརྟེན་སྨོན་ལམ་གྱི་ཕན་ཤུགས་ཀྱིས་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ལ་སྙིང་ཐག་པ་ནས་མོས་པ་དང་ཡིད་ཆེས་ཡོད་པ་ཞིག་ལག་ལེན་བཀལ་ཡོང་དུས་ངོས་ཀྱི་སེམས་ལ་ཧ་ཅང་ཕན་ཐོགས་ཡོང་བཞིན་འདུག དེར་བརྟེན་དེ་རིང་ཆོས་གྲོགས་རྣམ་པ་ཚོ་ལ་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན་སྟབས་སྟོན་པའི་གསུང་གི་འཕྲིན་ལས་ལ་དོ་སྣང་མང་ཙམ་བྱོས། སྔོན་ལ་སློབ་སྦྱོང་བྱེད་དགོས། སློབ་སྦྱོང་བྱས་ནས་བདེན་བཞིའི་རྣམ་གཞག་གསུངས་པ་དེ་དག་བསམ་བློ་བཏང་བའི་ཐོག་བྱང་ཆུབ་ཀྱི་སེམས་སྟེང་འཕར་མ་བརྒྱབ་སྟེ་ཕྱིན་པ་ཡིན་ན་དངོས་འབྲེལ་སེམས་ལ་ཞི་བདེ་དང་ཁོར་ཡུག་ཞི་བདེ་ཡོང་བ་འདུག ཆོས་གྲོགས་ཡོངས་ལ་དེ་དགོངས་པར་འཇགས་རོགས་གནང་ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། །