༸གོང་ས་མཆོག་གིས་བྷར་ཛིལ་གྱི་སྲིད་འཛིན་གསར་པར་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག
ཟླ་འདིའི་ཚེས་ ༢ ཉིན་༸གོང་ས་མཆོག་གིས་རྡོ་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་སྐུ་ཞབས་ལུ་ལཱ་སིལ་ཝ་ (Luiz Inacio Lula da Silva) གིས་བྷར་ཛིལ་གྱི་སྲིད་འཛིན་གྱི་དམ་འབུལ་ཞུས་གནང་བར་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་ཡོད་འདུག
གསུང་འཕྲིན་གྱི་ནང་ལ་༧གོང་ས་མཆོག་གིས་ངོས་རང་སྐུ་ཉིད་ཀྱི་ལུང་པར་ཐེངས་ཁ་ཤས་བསྐྱོད་རྒྱུའི་གོ་སྐབས་བྱུང་། ངོས་ཀྱིས་འགྲོ་བ་མིའི་གཞི་རྩའི་རིན་ཐང་བསམ་པ་བཟང་པོ་དང་། ང་ཚོའི་མཆེད་གྲོགས་ཕོ་མོ་རྣམས་ཀྱི་བདེ་སྡུག་ཐད་འབད་བརྩོན་བྱེད་བཞིན་པར་བྷར་ཛིལ་གྱི་མང་ཚོགས་ནས་ཐུགས་སྣང་གནང་གི་ཡོད་པས་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱི་ལྟོགས་སྐོམ་གྱི་དཀའ་ངལ་རྩ་གཏོར་དང་དབུལ་ཕྱུག་གི་ཁྱད་པར་ཉུང་དུ་གཏོང་རྒྱུ། དེ་བཞིན་གནམ་གཤིས་འགྱུར་ལྡོག་དང་ལྷག་པར་ཁོར་ཡུག་ལ་གལ་འགངས་ཆེ་བའི་ཨེ་མ་ཛོམ་ནགས་ཚལ་སྲུང་སྐྱོབ་གནང་རྒྱུའི་ཆོད་སེམས་ལ་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན།
སྐུ་ཉིད་ཀྱིས་བ་རཱ་ཛིལ་མི་མང་གི་མངོན་འདོད་དང་རེ་བ་བསྒྲུབ་ཐུབ་པ་དང་། དེ་བཞིན་འཛམ་གླིང་འདི་བཞིན་སྔར་ལས་ལྷག་བདེ་སྐྱིད་དང་ཞི་བདེ་ལྡན་པ་ཞིག་བསྐྲུན་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུང་འཕྲིན་བསྩལ་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།