༸གོང་ས་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག
༧གོང་ས་མཆོག་གིས་ཨ་རིའི་བོད་དོན་དམིགས་གསལ་འབྲེལ་མཐུད་པ་ལྕམ་ཨ་ཛི་རཱ་ཛེ་ཡ་ (Uzra Zeya )ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་གནང་བ་དང་འབྲེལ། བོད་དོན་འབྲེལ་མཐུད་པ་ཁོང་གིས་བོད་མིའི་གནས་སྟངས་ཡར་རྒྱས་གཏོང་བར་ཞབས་འདེབས་རླབས་ཆེན་ཞུ་ཐུབ་པའི་ཐུགས་རེ་འཆང་གི་ཡོད་སྐོར་གསུངས་འདུག
༧གོང་ས་མཆོག་གིས་ཨ་རིའི་བོད་དོན་དམིགས་གསལ་འབྲེལ་མཐུད་པ་ལྕམ་ཨ་ཛི་རཱ་ཛེ་ཡ་ (Uzra Zeya )ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་གནང་བ་དང་འབྲེལ། བོད་དོན་འབྲེལ་མཐུད་པ་ཁོང་གིས་བོད་མིའི་གནས་སྟངས་ཡར་རྒྱས་གཏོང་བར་ཞབས་འདེབས་རླབས་ཆེན་ཞུ་ཐུབ་པའི་ཐུགས་རེ་འཆང་གི་ཡོད་སྐོར་གསུངས་འདུག
དེ་རིང་རེས་གཟའ་ཕུར་བུའི་ཉིན་བསྩལ་བའི་འཚམས་འཕྲིན་དེའི་ནང་། ༧རིན་པོ་ཆེ་མཆོག་གིས་“དེ་སྔ་ངོས་ཀྱིས་ཨ་རིའི་དབུ་ཁྲིད་རྣམ་པར་ཨ་རིས་མུ་མཐུད་ང་ཚོའི་རང་དབང་དང་། ཆེ་མཐོང་སླད་དུ་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་བྱེད་བཞིན་པར་རྒྱབ་སྐྱོར་གནང་དང་གནང་བཞིན་པ་ནི་བོད་མི་རྣམས་ལ་མཚོན་ན་བློ་སྟོབས་བསྐྱེད་སའི་འབྱུང་རྩ་ཆགས་ཡོད་ཅེས་ཞུ་རྒྱུའི་གོ་སྐབས་བྱུང་། ངོས་ཀྱིས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་འོས་འདེམས་ཀྱི་ལམ་ནས་བྱུང་བའི་བོད་མིའི་འགོ་ཁྲིད་ལ་རྩིས་སྤྲོད་ཞུས་ཟིན་པ་རེད། འོན་ཀྱང་ངོས་ཀྱིས་བོད་མིའི་ཐུན་མོང་མིན་པའི་རིག་གཞུང་དང་། ངོ་བོ། ལོ་རྒྱུས་ཀྱི་ཤུལ་དངོས་གསོན་གནས་དང་། དེ་བཞིན་བོད་ཀྱི་འཇིག་སླ་བའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བཅས་ལ་སེམས་འཚབ་བྱེད་ཀྱི་ཡོད། སྐུ་ཉིད་ཀྱིས་བོད་དོན་དང་འབྲེལ་བའི་སྐོར་ཐོག་མར་གསུང་བཤད་གནང་སྐབས་གནད་དོན་དེ་དག་གཙོ་བོར་འཛིན་རྒྱུ་ཡིན་པའི་སྐོར་གླེང་སློང་གནང་སྟབས་ངོས་རང་ཧ་ཅང་དགའ་པོ་བྱུང་”ཞེས་གསུངས་འདུག
གཞན་ཡང་། ༧གོང་ས་མཆོག་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཁོང་དང་མཇལ་འཕྲད་ཞུས་ཏེ། ཇི་ལྟར་ཁོང་གི་རྒྱབ་སྐྱོར་དེ་དོན་ཕན་ལྡན་པ་ཞིག་ཡོང་བ་བཟོ་དགོས་མིན་སྐོར་གྱི་དགོངས་ཚུལ་བརྗེ་རེས་བྱེད་འདོད་ཡོད་སྐོར་གསུངས་པའི་ཐོག “སྐུ་ཉིད་ནས་ང་ཚོའི་འོས་འདེམས་ཀྱི་དབུ་ཁྲིད་རྣམས་དང་ལྷན་དུ་འབྲེལ་ཐག་ཉེ་བོ་ཉར་རྒྱུའི་ཡིད་ཆེས་ཡོད་”ཅེས་བསྣན་འདུག
རྒྱ་ནག་གིས་དུས་རྒྱུན་དུ་བཙན་ཤེད་ཀྱིས་དབང་དུ་བསྒྱུར་བའི་བོད་དང་ཤར་ཏུར་ཀི་སི་ཐན་དང་འབྲེལ་བའི་གནད་དོན་རྣམས་“ནང་ལོགས་ཀྱི་གནས་དོན་”ཟེར་བཞིན་ཡོད་པ་ལྟར། ད་ཐེངས་ཀྱང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་བྱས་པ་དེ་“རྒྱ་ནག་གི་ནང་སྲིད་ལ་”ཐེ་བྱུས་བྱས་པ་ཞིག་ཡིན་སྐོར་དང་། རྒྱ་ནག་གིས་དེ་ལ་“ངོས་ལེན་མེད་”ཚུལ་བཤད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།