༸སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐུ་གསོན་པོ།

རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་ལ་སྤྲིངས་པ།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཙོ་འཛིན་ཞིས་ཅིན་ཕིང་མཆོག་ལ།
རྒྱལ་ཁབ་ཀྱི་དབང་འཛིན་པའི་ཕྱོགས་ནས།སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ།ཉག་ཆུ་རྫོང་ཟེར་བའི་ཁོངས།ཨོ་ཐོག་དགོན་ཁམས་ནཱལེནྜ་ཐེག་ཆེན་བྱང་ཆུབ་ཆོས་གླིང་གི་༸སྐྱབས་རྗེ་༸སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་གནས་ཚུལ་སྐོར་རྒྱུས་མངའ་ཇི་ཙམ་ཡོད་དམ།དབང་འཛིན་པའི་གཙོ་འཛིན་མཆོག ཁྱེད་ཀྱིས་ནང་ཆོས་ཉམས་ལེན་པ་དང་བཅས་པར་ཐུགས་ཁུར་ཡོད་པའི་རྣམ་འགྱུར་ཞིག་ངས་བརྒྱུད་ལམ་ཁག་ནས་མཐོང་ཐོས་བྱུང་། གཅིག་བྱས་ན་རྒྱ་ནག་དེ་ནང་པའི་རྒྱལ་ཁབ་ཅིག་གི་ཁོངས་སུ་ངོས་འཛིན་བྱེད་མཁན་མི་ཉུང་བ་ཞིག་ཡོད་པའི་གནད་ཀྱིས་ཡིན་སྲིད།དེ་རིང་སང་ཉིན་༸རིན་པོ་ཆེ་སྐུ་ཚེ་མ་ཟིན་པའི་གནས་སྟངས་དང་། དེ་ལ་བརྟེན་ནས་སི་ཁྲོན་ཞིང་ཆེན་གྱི་རྫོང་མང་པོའི་ཁྱབ་ཁོངས་སུ་གཏོགས་པའི་ནང་ཆོས་ལ་དད་པ་ཆེ་བའི་བོད་རྒྱ་མི་རིགས་གཉིས་ཀྱི་ཡུལ་མི་ཆེས་མང་པོ་ཞིག་ལ།ཉེ་ལམ་བོད་དང་བལ་ཡུལ་ཁུལ་དུ་བྱུང་བའི་ས་ཡོམ་གྱི་སྡུག་བསྔལ་ལས་ཆེས་ཆེར་ཆེ་བ་གནམ་མགོ་ཐོག་ཏུ་ལྷུང་བ་ལྟ་བུའི་སྡུག་བསྔལ་ཅན་དེ་དག་ལ་སེམས་གསོ་གནང་སར་ཁྱེད་ཕེབས་ཨེ་ཐུབ།དེ་ནི་བོད་རྒྱ་མི་རིགས་གཉིས་ཀྱི་འབྲེལ་བ་དང་རྒྱ་ནག་གི་དབང་འཛིན་པའི་བོད་ལ་གཟིགས་ཕྱོགས་མཚོན་པ་སོགས་ཕྱོགས་མང་པོའི་གནད་དོན་དང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན།

རྒྱ་ནག་གི་ཆེས་མཐོའི་དབང་འཛིན་པས་མཁྱེན་རྟོགས་དང་ཐུགས་སྣང་ཇི་ཙམ་ཡོད་མེད་མི་ཤེས་ཀྱང་།ཞིང་ཆེན་དང་། ཁུལ། རྫོང་། ཤང་བཅས་ཀྱི་དབང་འཛིན་པའི་བྱེད་སྟངས་ཀྱི་རྣམ་པས། བོད་རིགས་མི་མང་ལ་ཚོར་སྣང་དང་ལག་ལེན་གཉིས་ཀྱི་ཐོག་ནས་ར་འཕྲོད་པའི་གནས་ཚུལ་འདི་འདྲ་ཞིག་བྱུང་སྟེ། དཔེར་ན།དུས་ཡུན་ཐུང་ངུ་ནས་བཤད་ན།གོ་ཐོས་ལྟར།གུང་ཁྲན་གྱིས་རྒྱ་ནག་བོད་དང་བཅས་པ་དབང་སྒྱུར་བྱེད་སྟངས་ཀྱི་ཐད་ནས།བོད་རྒྱ་ནག་ལ་མི་དགོས། གུང་ཁྲན་གྱི་དབང་འཛིན་པས་བོད་མི་སྐྱོབ།བོད་དང་ཤིན་ཅང་སོགས་ཀྱི་ཐད་ནས་གུང་ཁྲན་གྱིས་མི་རིགས་མཐུན་འབྲེལ་ཞེས་པར་འགྲེལ་བཤད་མི་བྱ། ཞེས་པ་སོགས་གོ་མི་བདེ་བའི་སྐད་ཆ་མང་པོ་ཞིག་མང་ཚོགས་ཀྱི་ཤ་ཁྲག་གི་ཚོར་སྣང་དང་འདྲེས་ཟིན་འདུག་ཟེར།

ངས་འདི་ནས་བྲིས་པའི་ཞུ་འཕྲིན་དེ་ཁྱེད་ཀྱིས་གསན་གཟིགས་ཡོང་བའི་རེ་བ་དང་གདེང་ཚོད་ཆེན་པོ་ཡོད། ངོས་རང་སྒེར་གྱི་ཐོག་ནས་བཤད་འདོད་པ་ནི། སྲིད་འཛིན་ཞིས་ལ་ཕུལ་བའི་སྒེར་གྱི་དྲི་བ་དང་། ༸སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐུ་བཀྲོངས་པའི་སྐོར།ཟུར་བརྗོད་ཁ་སྐོང་བཅས་དོན་གནད་གསུམ་ཡོད།
དང་པོ།སྲིད་འཛིན་ཞིས་མཆོག་ལ་ཕུལ་བའི་དྲི་བ་གཙོ་བོ།བོད་མེད་པ་བཟོ་བའི་ལས་འཆར་ནང་། ད་ལྟ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱབ་ཁོངས་སུ་གནས་བཞིན་པའི་གཞིས་བཞུགས་རྒྱ་ཆེ་བོད་མིའི་ཁྲོད་དུ་ལག་ལེན་དོན་འཁྱོལ་བྱ་རྒྱུའི་ལས་འགུལ་ནང་། གཅིག  ན་གཞོན་རྣམས་ལ་སློབ་གསོས་བསམ་བློའི་ཁ་ཕྱོགས་དེ་རྒྱ་རིགས་ཅན་དུ་སྒྱུར་ཐབས་བྱས་པ། གཉིས། གུང་ཁྲན་ལ་ཤི་འབྱར་གསོན་འབྱར་བྱེད་མཁན་གྱི་བོད་མི་ཚང་མར་ཡིད་ཚིམ་པའི་དངུལ་དངོས་ཅི་རིགས་ཀྱིས་དགའ་བ་དཔག་མེད་བསྐྲུན་ཏེ་བེད་སྤྱོད་འདོད་བློ་ཁེངས་པ་བྱ་རྒྱུ། གསུམ། ནུས་ཤུགས་ཡོད་མེད་ལ་མ་ལྟོས་པར་གྲགས་འགུལ་མེད་པའི་བོད་མི་བཏང་སྙོམས་པ་རྣམས་ཐབས་ཤེས་ཀྱི་སྒོ་ནས་མུ་མཐུད་དེ་གཉིད་ཁུག་ཐབས་བྱ་རྒྱུ། བཞི། གུང་ཁྲན་གྱི་གདོང་ལ་ཐོན་མཁན་ཡིན་པར་ཚོར་སྣང་བྱུང་བའི་བོད་མི་ནུས་པ་ལྡན་པ་ཚང་མ་གཅིག་གཅིག་གཉིས་གཉིས་བྱས་ནས་མེད་པ་བཟོ་རྒྱུ་བཅས་ཡིན།

ཕྲན་རང་ཉིད་༸སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སློབ་མ་ཐོག་མའི་གྲས་ཤིག་དང་ཕ་ཡུལ་ལུང་པར་རྒྱུས་མངའ་ཆེན་པོ་ཡོད་པ། མི་ལོ་བཅུ་བདུན་བར་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་བྱས་ནས་བསྡད་པ་བཅས་ཀྱི་ཐོག་ནས།བོད་རྒྱ་མི་རིགས་གཉིས་ཀྱི་སྒྲིག་འཛུགས་ཇི་འདྲ་ཞིག་ཡིན་ཡང་དྲི་བ་འདི་ལྟབུ་འདོན་པར་ཁོ་བོ་ལ་འོས་བབ་ཆ་ཚང་ལྡན་ཡོད།
དྲི་བ་གཙོ་བོ།དོན་གནད་དེ་བདེན་པ་ཡིན་མིན་དང་། གལ་ཏེ་བདེན་པ་མིན་ཚེ།གཙོ་འཛིན་མཆོག་ནས་དོན་དག་རེ་རེ་བཞིན་ཡིག་ཐོག་ནས་བོད་རྒྱ་མི་རིགས་གཉིས་ལ་གསལ་བཤད་གོ་བརྡ་འཕྲོད་པ་གནང་དགོས།༸ཆོས་ཀྱི་སློབ་དཔོན་ཆེན་མོ་༸སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐུ་བཀྲོངས་པའི་གནད་དོན་དེ། གོང་གི་དོན་ཚན་བཞི་པར་ཐད་ཀར་འབྲེལ་བ་ཆགས་ཡོད་པ་དང་གཅིགད་ལྟའི་ཆར་ཞིས་རང་ཉིད་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པའི་གཙོ་འཛིན་གྱི་མིང་ཁྱེར་བཞིན་པ་གཉིས་ལ་བརྟེན་ནས་སྒེར་གྱི་མིང་ཐོག་ནས་ཚོར་སེམས་ཆེན་པོས་དྲི་བ་འདོན་བཞིན་ཡོད།
ངའི་སྐད་ཆ་འདིས་སུའི་བསམ་བློ་དང་སེམས་སྡུག་མཚོན་གྱི་ཡོད་པ་དང་། བོད་ཀྱི་ས་ཁུལ་གང་སར་ཡོད་པའི་བོད་མི་ཚོས་རང་འགུལ་གྱི་ཐོག་ནས་རྒྱ་ནག་གི་མི་རིགས་ལ་བསམ་བློ་དང་ཀུན་སྤྱོད་གཉིས་ཀའི་ཐོག་ནས་འཚེ་བ་མེད་པའི་མཐུན་ལམ་བཟུང་དང་འཛིན་བཞིན་པ་བཅས་ནི།ཁྱེད་ཀྱིས་ནམ་ཡང་བརྗེད་མི་རུང་བའི་གནད་དོན་ཞིག་ཡིན།ཞེས་དམིགས་བསལ་གྱིས་ངོ་སྤྲོད་ཞུ་འདོད་བྱུང་།
གཉིས་པ།སི་ཁྲོན་ཞིང་ཆེན་གྱི་༸སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་སྐུ་བཀྲོངས་པའི་སྐོར། ཕྱི་ལོ་༢༠༡༥ཕྱི་ཟླ་༧ཚེས་༡༢ཉིན།༸སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་བཙོན་དུ་བཅུག་སའི་འབྲེལ་ཡོད་རྒྱ་ནག་གི་དབང་འཛིན་པའི་ཕྱོགས་ནས་ “རིན་པོ་ཆེ་སྐུ་གྲོངས་པ་རེད།” ཞེས་པའི་ཁུངས་དང་རྒྱུ་མཚན་མེད་པའི་ཚིག་དུམ་དེ་འདྲ་ཞིག་རིན་པོ་ཆེའི་སྲིང་མོ་གཉིས་ཀྱི་རྣ་ལམ་དུ་བསྒྲགས་པ་དང་། དེ་ལ་བརྟེན་ནས་༸རིན་པོ་ཆེ་གློད་གྲོལ་གྱི་རེ་བ་བཅངས་དང་འཆང་བཞིན་པའི་བོད་མི་གཙོ་བོར་གྱུར་པའི་རྒྱ་རིགས་ཆེས་མང་པོ་ཞིག དྲན་པ་འཐོར་བ་དང་།ལུང་པ་ངུ་སྐད་ཀྱིས་ཁེངས་པ། ཆོས་ཀྱི་བྱེད་སྒོའི་མཆོད་མེ་འབུལ་བ། ཞལ་འདོན་གསུངས་པ། སྨོན་ལམ་རྒྱག་པ། སྡུག་སྐད་སྣ་ཚོགས་འདོན་པ། ཆེས་མང་པོ་ཞིག་གིས་སྐད་འཕྲིན་གྱི་རྒྱབ་ངོས་སུ་༸རིན་པོ་ཆེའི་པར་རིས་བཞག་ཏེ་སྡུག་རྟགས་འཇོག་པ། སྲོལ་རྒྱུན་དང་དེང་སང་གི་བྱེད་སྟངས་གཉིས་ཅི་རིགས་ཀྱི་སྒོ་ནས་ཚ་ཚ་འུར་འུར་ངང་ཡིད་མུག་པའི་རྣམ་འགྱུར་སྣ་ཚོགས་ཤིག་བསྟན་སོང་བ་དེ་རྣམས། ཤི་བདག་གཤིན་རྗེ་ཟེར་བར་ཡིད་སུན་པོ་བཟོས་པ་ཙམ་ལས་སྐུ་དགྲོང་མཁན་གྱི་ལག་དམར་བ་རྣམས་ལ་ནི་ཡིད་གཏིང་ནས་སྤྲོ་བ་འཕེལ་བཅུག་པ་རེད།འོན་ཀྱང་།མཆོད་འབུལ་སོགས་ཀྱི་བྱ་སྤྱོད་རེ་ཟུང་ནི་བོད་ལ་མི་ཤི་བའི་སྐབས་སུ་རྒྱུན་ལྡན་གྱི་བྱེད་སྲོལ་ཡོད་པའི་གོམས་གཤིས་སམ་ལམ་ལུགས་ཤིག་ཡིན།

ད་ལན་རྒྱའི་དབང་འཛིན་པའི་ཕྱོགས་ནས་“རིན་པོ་ཆེ་སྐུ་གྲོངས་པ་རེད།” ཟེར་བའི་གནས་ཚུལ་ཐད།སྲིད་འཛིན་ཞིས་མཆོག་ལ་གཟིགས་ཚུལ་ཅི་ཡོད་དམ། རྒྱ་ནག་གཞུང་འབྲེལ་གྱི་ཐོག་ནས་སྐུ་ཚེ་མ་ཟིན་ན་གྲོངས་ལུགས་གྲོངས་སྟངས་ཀྱི་སྐོར། འཛམ་བུ་གླིང་གི་གཟུར་གནས་རྣམ་དཔྱོད་ཅན་ཕལ་ཆེ་བས་གཅིག་གྱུར་གྱིས་ངོ་འཛིན་ཐུབ་པའི་དཔང་རྟགས་ཤིག་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཡོངས་གྲགས་མ་བྱས་ཀྱི་བར་དུ། གང་ལྟར།བོད་རྒྱ་མི་རིགས་གཉིས་ཀྱི་ལོ་རྒྱུས་ནང་། ༸ཆོས་ཀྱི་སློབ་དཔོན་ཆེན་མོ་༸སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱ་དམར་གུང་ཁྲན་གྱིས་སྐུ་བཀྲོངས་པ་རེད། ཟེར་བའི་སྡོམ་ཚིག་དེ་ལྷག་ངེས་པ་ཡིན།འབྲེལ་ཡོད་དབང་འཛིན་པའི་ཕྱོགས་ནས་མང་ཉུང་ཚད་འཛིན་གྱིས་བོད་ཀྱི་གྲྭ་པ་དང་བཙུན་མ་ཁག་གཅིག་༸རིན་པོ་ཆེའི་སྐུ་གདུང་ཞུ་འབུལ་བྱེད་སར་མཉམ་ཞུགས་བྱེད་ཆོག་ཟེར་ནའང་།དེས་༸རིན་པོ་ཆེའི་སྐུ་དགྲོང་མཁན་གྱི་ལག་དམར་བའི་བྱ་སྤྱོད་འགེབ་སྲུང་ནམ་ཡང་བྱེད་ཐུབ་ཀྱི་མ་རེད།༸རིན་པོ་ཆེའི་སྐུའི་ཚེ་ཚད་དེ།དེ་ཙམ་ཞིག་ལས་མེད་པ་དང་དེ་ལས་མང་བ་ཡོད་རེད།ཟེར་བ་གཉིས་བོད་རྒྱ་ཕྱོགས་གཉིས་སུས་ཀྱང་འགྲེལ་བཤད་ཡིད་ཆེས་འཕེལ་བ་ཞིག་བྱ་མི་ཐུབ་པ་གཅིག་གྱུར་ཡིན།འོན་ཀྱང་།རྒྱ་དམར་གུང་ཁྲན་པའི་བྱེད་སྟངས་ངོ་མ་དེ།དང་ཐོག་༸རིན་པོ་ཆེ་ནག་མེད་བཙན་དབང་གིས་ལྐོག་ཁྲིད་དང་ལོ་གཉིས་ཕྱིར་འགྱངས་ཀྱིས་ཁྲིམས་ཐག་བཅད་པ།བར་དུ་འཛམ་གླིང་མི་མང་གི་གནོད་ཤུགས་ལས་ཐག་བཅོད་དེར་འགྱུར་བ་བཏང་པ།མཐའ་མའི་གཏན་འཁེལ་དེ་ཚེ་བཙོན་གྱི་ངོ་བོ་ལ་བསྒྱུར་བ་དེ་རེད།༸རིན་པོ་ཆེ་བཙོན་ཁང་དུ་བཞུགས་ཀྱང་རུང་མ་བཞུགས་ཀྱང་རུང་།ཁོང་གི་ནུས་ཤུགས་དེ་རྒྱལ་ཕྱི་ནང་གང་སར་ཤུགས་ཆེ་རུ་ཆེ་རུ་འགྲོ་བཞིིན་པ་དེེར་གུང་ཁྲན་པའི་བློ་མི་བདེ་བ་དང་།ཚེ་བཙོན་གྱི་ཐག་གཅོད་དེ་བསྐྱར་དུ་འགྱུར་བ་གཏོང་མི་བཟོད་པ་བཅས་ལ་བརྟེན་ནས་སྐུ་བཀྲོངས་པའི་བྱ་བ་དེ་ལག་ལེན་བྱས་པ་རེད།ཅེས་ཡོངས་གྲགས་ཆགས་ངེས་ཡིན།
༸སྐྱབས་རྗེ་མཆོག་སྤྲུལ་རིན་པོ་ཆེ་གུང་ཁྲན་གྱི་དབང་འཛིན་པས་སྐུ་བཀྲོངས་པ་རེད། ཟེར་བ་ཡོངས་གྲགས་ཆགས་པའི་རྒྱབ་ལྗོངས་གནད་དོན་ཉུང་མཐའ་ནས་དོན་ཚན་ལྔ་གཅིག་པུ་བགྲང་འདོད་ཀི
གཅིགསྤྱི་ལོ་༢༠༡༠ ཟླ་བ་༤ པའི་ཚེས་༢༧ ཉིན། ཞོགས་པར་༸རིན་པོ་ཆེའི་སྲིང་མོ་བསོད་ནམས་བདེ་སྐྱིད་དང་སྒྲོན་དཀར་ལྷ་མོ་གཉིས་ལི་ཐང་རྫོང་གི་ཉེན་རྟོག་ལས་ཁུངས་ཀྱི་འགོ་ཁྲིད་དང་ཁྲིམས་འཛིན་ཚན་པའི་འགོ་ཁྲིད་གཉིས་ཀྱིས་སྔོན་བརྡ་གང་ཡང་མེད་པར་གློ་བུར་དུ་༸སྤྲུལ་སྐུ་ཐུག་འཕྲད་བྱེད་ཆོག་ཟེར་ནས། བྱ་འགུལ་སྤེལ་བ་དང་འདྲ་བར་ད་ཐེངས་ཀྱང་བྱེད་སྟངས་དེ་བསྐྱར་དུ་བེད་སྤྱད་པ་བཅས་ཀྱི་ཐད་ནས། ༸བླ་མ་སྐུ་བཀྲོངས་པའི་དོགས་པ་སློང་འགོ་བཙུགས་པ་རེད།
གཉིས།༸རིན་པོ་ཆེས་བྱིན་གྱིས་རླབས་ཤིང་ཞབས་ཀྱིས་བཅགས་པའི་གནས་གཙོ་བོ་ཨོ་ཐོག་ཡུལ་དགོན་གཉིས་ནི། ཐོག་མཐའ་བར་གསུམ་དུ་གུང་ཁྲན་གྱིས་༸རིན་པོ་ཆེའི་གནས་ཚུལ་ཞིབ་འཇུག་བྱེད་ས་གཙོ་བོ་དེ་ཡིན་པས།དེའི་མི་སྣ་གཅིག་ཀྱང་འབྲེལ་བ་མ་བྱེད་པར། རང་འདོད་ལྟར་གྱི་བཙན་པོས་ཁ་ལོ་སྒྱུར་ཐུབ་པའི་༸བླ་མའི་སྲིང་མོ་གཉིས་གཅིག་པུར་འབྲེལ་བ་བྱས་ཏེ།ཚབ་བི་ཚུབ་བིས་ངང་གློ་བུར་ལྐོག་ཁྲིད་ལྟ་བུའི་བྱ་སྤྱོད་སྤེལ་བ་དེ་ནི།དོགས་པ་བྱེད་སའི་གནད་དོན་ལྟེ་བ་ཞིག་ཏུ་གྱུར་ཡོད།
གསུམ།ནད་པ་ཚབས་ཆེན་ལ་ཐུག་འཕྲད་དུ་ཡོང་མཁན་དང་ནད་པ་གཉིས་བཙན་ཐབས་ཀྱིས་ཐུག་འཕྲད་བྱེད་མ་བཅུག་པ་ནི་འཛམ་གླིང་གི་མི་སུ་ཡི་ཡང་སྣང་བར་མི་འགྲོ་བ་མ་ཟད། སྲིང་མོ་གཉིས་ལ་ཉིན་འགྱངས་ཞག་འགྱངས་བྱས་ཏེ་ཉིན་བཅུ་གྲངས་ཤིག་གི་རིང་། བཙན་པོ་དབང་ཡོད་ཀྱི་ཐོག་ནས་༸རིན་པོ་ཆེ་སྐུ་གསོན་པོར་ཐུག་འཕྲད་བྱེད་མ་བཅུག་པ་ནི།གུང་ཁྲན་གྱིས་༸རིན་པོ་ཆེ་སྐུ་དཀྲོངས་པའི་དན་རྟགས་ངོ་མ་དེ་ཡིན།
བཞི།༸རིན་པོ་ཆེའི་སྐུ་གདུང་དེ་བཞིན་ཨོ་ཐོག་ཡུལ་དགོན་གཉིས་གཙོ་བོར་གྱུར་པའི་དད་ལྡན་བོད་རྒྱ་མི་རིགས་དེ་དག་ལ་དངོས་སུ་མཇལ་མ་བཅུག་པ་དང་རྒྱལ་སྤྱིའི་སྟེང་གི་ཚད་མཐོ་བའི་ཞིབ་འཇུག་པར་སྐུ་གདུང་ལ་བརྟག་དཔྱད་བྱེད་པའི་གོ་སྐབས་མ་སྤྲད་པ་ནི།ངན་གཡོ་ཁོ་ནའི་ལམ་ནས་རིན་པོ་ཆེའི་སྐུ་བཀྲོངས་པའི་གུང་ཁྲན་ལག་དམར་བའི་རྣམ་འགྱུར་ལྷང་ངེར་བུད་པ་ཡིན།
ལྔ། ༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་གཙོ་བོ་དམིགས་ཏེ། ཉིན་མང་པོའི་རིང་སི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་སྤྱི་ཚོགས་དྲ་ལམ་སྟེ།འཕྲིན་ཕྲན་གྱི་བརྒྱུད་ལམ་སོགས་དྲ་བའི་ལམ་ཁ་ཡོངས་སུ་བཀག་པ་དང་དུས་ཚོད་ཏག་ཏག་བསྟུན་ནས།“རིན་པོ་ཆེ་སྐུ་གྲོངས་པ་རེད།” ཟེར་བའི་སྐད་ཆ་དེ་བཤད་པའང་མི་ཚང་མ་ཤིན་ཏུ་དོགས་པ་ཆེན་པོ་ཟ་དགོས་པའི་གནད་དོན་ཞིག་ཀྱང་ཡིན།

གསུམ་པ། ཟུར་བརྗོད་ཁ་སྐོང་།
ཁ་སྐོང་དང་པོ།
སྐྱིད་སྡུག་གཅིག་པའི་བོད་མི་དང་རྒྱ་རིགས་གྲོགས་པོ་མང་ཚོགས་ལ་ཞུ་རྒྱུ།སེམས་སྡུག་ཡལ་རྒྱུ་ཡོད་ཀྱང་སེམས་ཀྱི་རྨ་ཁའི་འཁོན་འདྲེ་ལ་དག་རྒྱུ་མེད། ད་ལན་གུང་ཁྲན་གྱི་དབང་འཛིན་པ་སྐོར་ཞིག་ནས།ནད་རྙིང་བསྐྱར་དུ་བསླངས་པ། ལངས་ཕྱོགས་ཀྱི་ངོས་འཛིན་ཇེ་གསལ་ལ་ཕྱིན་པ། ནང་སྙིང་རུལ་བའི་ཆབ་སྲིད་ཀྱི་ངོ་གདོང་ཕྱིར་མངོན་པ་བཅས་ཀྱི་གསར་འགྱུར་ཐོན་པ་རེད། ང་ཚོ་འགྱེལ་ས་ན་ང་ཚོའི་ནུས་ཤུགས་ས་ལ་འཐིམ་མེད། ༸རིན་པོ་ཆེའི་རྗེས་འབྲངས་པ་དང་རྗེས་སུ་ཡི་རང་བྱེད་པ་ཚང་མ་༸སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ནུས་ཤུགས་ཡིན་ལ།དེ་ནི་ང་ཚོའི་གསོན་ཤུགས་ཀྱང་ཡིན། ང་ཚོ་ཤི་མེད་ལ་༸རིན་པོ་ཆེ་ཡང་སྐུ་གསོན་པོ་ཡིན།ཞེས་ངར་ཤུགས་ཆེན་པོ་བྱེད་འདོད་བྱུང་།

ངས་འདི་ནས་རིན་པོ་ཆེའི་མཛད་རྗེས་དང་དེ་ལ་ཡི་རངས་བྱེད་པ་ཚང་མ་རིན་པོ་ཆེ་སྐུ་གསོན་པོ་ཡིན་ཞེས་བརྗོད་ཀྱི་ཡོད།ང་ཚོས་རིན་པོ་ཆེའི་བཀའ་ལྟར་སྒྲུབ་ཐུབ་ན། ༸བླ་མ་རིན་པོ་ཆེ་ལ་ཞབས་ཕྱི་དངོས་སུ་ཞུས་པ་དང་གཅིག་མཚུངས་ཡིན་པར་ངོས་འཛིན་ཞུ་ཡི་ཡོད། ལག་དམར་བ་སྐོར་ཞིག་གི་འདོད་བློ་འཚིམ་བཞིན་པ་དེར།ངས་སྐད་གསང་མཐོ་པོའི་ཐོག་ནས་རིན་པོ་ཆེའི་སྔ་ཕྱིའི་གནས་ཚུལ་དང་འབྲེལ་བའི་གནད་དོན་ནི།བོད་ཀྱི་ལོ་རྒྱུས་ཇི་སྲིད་ནམ་གནས་བར་དང་། ཡང་ན། འཛམ་གླིང་གི་གོ་ལ་འདི་ཇི་སྲིད་མ་མཐོར་གྱི་བར་དུ་གཟི་བརྗིད་ཁོ་ནའི་ངང་རྒྱུན་གནས་ཐུབ་རྒྱུར་དམིགས་བསལ་གྱིས་ནན་བརྗོད་བྱེད་ཀྱི་ཡོད།
ངའི་སྐད་ཆ་འདིས།ཡིད་མུག་པའི་མི་མང་པོ་ཞིག་ལ་གནམ་འོག་གི་ཟིང་ཆ་སློང་བཅུག་མིན་བཤད་མི་ནུས་ཀྱང་རང་ཉིད་ཀྱིས་རང་ཉིད་ལ་སེམས་གསོ་བྱ་ཐུབ་རྒྱུ་དང་། སོ་སོས་སོ་སོར་ནུས་ཤུགས་སྐྲུན་རྒྱུ།ནུས་ཤུགས་དེ་བཅོམ་བཅག་བྱེད་པའི་ནུས་པའང་རྒྱ་དམར་གུང་ཁྲན་གྱི་ལག་ཏུ་མེད་པ་མཐའ་གཅིག་ཏུ་དྲན་གསོ་བྱེད་ཀྱིན་ཡོད། དོན་དག་རྡོག་རྡོག་ནི།མི་ཤི་ནས་སེམས་སྡུག་ཡལ་རྒྱུ་ཡོད་ཀྱང་༸རིན་པོ་ཆེ་མཆོག་དང་ཁོང་གི་ལམ་སྟོན་ནི་ནམ་ཡང་བརྗེད་རྒྱུ་མེད་ལ་ཤི་རྒྱུའང་མེད། ལམ་སྟོན་གང་གནང་བ་རྣམས་འཛེམས་ཟོན་མེད་པར་ཉམས་ལེན་དང་ལག་ལེན་གྱི་ཐོག་ནས་ཤར་བསྐྱོད་བྱ་དགོས།ཞེས་དམ་བཅའ་དེ་བསྐྱར་དུ་ནན་བརྗོད་བྱེད་ཀྱིན་ཡོད་ལ། དེ་ནི་བོད་མི་རིགས་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ།འཛམ་གླིང་ཞི་བདེ་བཅས་ལ་ཕན་པའི་དོན་གནད་ཅིག་ཀྱང་ཡིན།ཞེས་གསལ་པོ་ཞུ་འདོད་བྱུང་།

ཁ་སྐོང་གཉིས་པ།
༸རིན་པོ་ཆེ་མཆོག་ནི་རྒྱ་ནག་གི་ཁྲིམས་དང་གཤིས་སྤྱོད་སོགས་གང་ཅིར་མཁྱེན་རྟོགས་ཆེན་པོ་ཡོད་པའི་སྐྱེས་བུ་དམ་པ་ཞིག་ཡིན། ༸བླ་མའི་གསུང་ངོ་མ། “ངས་རྒྱ་ནག་གི་ཁྲིམས་དང་འགལ་བའི་ལས་དོན་ཏིལ་འབྲུ་ཙམ་ཡང་བྱས་མེད།” ཅེས་ཡིག་ཐོག་ནས་དངོས་སུ་གསུངས་ཡོད།
༸རིན་པོ་ཆེ་མཆོག་ལ་ཐུག་འཕྲད་ལ་འགྲོ་མཁན་རིམ་པར་ཁ་ཡོད་ལག་ཡོད་ཀྱི་མཐོང་ཐོས་བྱུང་བ་ནི།༸རིན་པོ་ཆེ་ལ་སྙིང་གི་ན་ཚ་ཕོག་ཡོད་པ་དང་གློ་བུར་དྲན་མེད་དུ་བརྒྱལ་བ། ཞབས་ཐང་ཐང་མེད་པས་རྐུབ་སྟེགས་ཐོག་དྲུད་ནས་གདན་འདྲེན་ཞུ་དགོས་པ། བཀའ་མོལ་གནང་དུས་སྐུ་གཟུགས་འདར་གསིག་རྒྱག་པ་སོགས་གནས་ཚུལ་ཛ་དྲག་ཅན་དུ་གྱུར་ཡོད་པར་ཤེས་རྟོགས་བྱུང་ཡོད་པ་དེ་ཙམ་རེད། མི་མང་པོས་དང་ཐོག རྒྱ་ནག་ས་གནས་གཞུང་གི་བྱས་ཉེས་དེ་དག་རྒྱ་ནག་དབུས་ནས་བྱེད་པར་བརྩིས་མེད་ཀྱང་། མི་ལོ་བཅུ་ཕྲག་གཅིག་ལྷག་གི་རིང་༸རིན་པོ་ཆེའི་གནས་ཚུལ་ཐག་གཅོད་གཙང་མ་མ་བྱས་ནས་བཞག་པ་དང་།ད་ཐེངས་“རིན་པོ་ཆེ་སྐུ་གྲོངས་པ་རེད།” ཟེར་བའི་ཚིག་དུམ་དེ་ཕྱིར་བསྒྲགས་བྱས་པ་དེས།ས་གནས་གཞུང་གིས་རིན་པོ་ཆེ་ལ་ནག་ཉེས་གང་བཙུགས་པ་དེ་དབུས་གཞུང་གི་ཇུས་འགོད་དང་ལས་འགུལ་ཞིག་ལ་རེ་ཞིག་མི་བརྩི་རང་བརྩི་ཆགས་ཡོད།

གང་ལྟར། ༸སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་འབྲེལ་བའི་གནས་ཚུལ་ཐད་རྒྱ་གཞུང་གིས་བསྟན་པའི་རྣམ་འགྱུར་དེས། རྒྱ་ནག་གི་སྡུག་སའི་གྲ་སྒྲིག་གནག་པས་དབང་གིས་བོད་ཀྱི་བཟང་སའི་རེ་བ་ཙམ་བྱས་པའང་གཏོར་བཅོམ་ཚབས་ཆེན་ཕོགས་པར་མཚོན་ཡོད་པས། དེ་ནི་དངོས་བྱུང་གི་ཉམས་མྱོང་ཞིག་ཡིན། ༸ཆོས་རྗེ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་དེ་སྔའི་མཛད་པ་ནི། ནང་ཆོས་རྒྱུན་འཛིན་དང་རིག་གནས་དར་སྤེལ་མཛད་པ་སོགས་སེམས་ཅན་གྱི་བདེ་སྐྱིད་ཁོ་ནའི་ཆེད་ཡིན་པ་ལས། འཚེ་བ་དང་གཏོར་བཅོམ་གྱི་ལས་རིགས་དང་འབྲེལ་བ་གཏན་ནས་མེད་པ་ཞིག་རེད། ༸རིན་པོ་ཆེ་ལྐོག་ཁྲིད་བྱས་པ་ནས་བཟུང་རྒྱ་ནག་གི་ཕྱོགས་ནས་ཇུས་ངན་རིང་ཐུང་ཅི་འདྲ་ཞིག་བསྐོར་མིན་དང་གཡོ་སྒྱུ་ཁོ་ནས་བོད་རྒྱ་མི་རིགས་གཉིས་ཙམ་མ་ཟད། བོད་པ་ནང་ཁུལ་ལའང་མཐུན་འབྲེལ་གཏོར་གཤིགས་བཏང་སྟེ། དཔེར་ན། ༸རིན་པོ་ཆེའི་མདུན་སར་ཁྱེད་ལ་ཐུག་འཕྲད་བྱ་མཁན་ཡོད་ན་སྒོ་ཕྱེ་ཕྱེ་པ་ཡིན་ཟེར་བ་དང་། དངོས་སུ་ཐུག་འཕྲད་དུ་འགྲོ་ངེས་ཧ་ཅང་མང་པོ་ཡོད་ཀྱང་རེ་གཉིས་ཤིག་ལས་མི་གཏོང་བ། ཡང་། མང་ཚོགས་ལ་རིན་པོ་ཆེའི་བཀའ་ལྟར་ཉེ་འབྲེལ་མ་གཏོགས་ཐུག་འཕྲད་དུ་གཏོང་གི་མིན་ཟེར། དབང་འཛིན་པས་༸རིན་པོ་ཆེའི་མདུན་དུ་ཁྱོད་ལ་ལྟ་རྟོག་བྱེད་དུ་ཡོང་མཁན་ཁྱེད་རང་གི་གཉེན་ཉེ་ཙམ་ལས་མི་འདུག་ཅེས་ཞུས་ཡོད་པ་རེད།
གནས་ཚུལ་དེ་ཚོའི་ཐོག་ནས་ཤེས་ཐུབ་པ་ནི། ༸རིན་པོ་ཆེ་རང་ཉིད་ལ་ཉེ་འབྲེལ་མ་གཏོགས་ཡུལ་མི་ཚང་མར་ཐུག་འདོད་མེད་པ་དང་༸རིན་པོ་ཆེ་མཇལ་འདོད་ཡོད་པ་གཉེན་ཚན་ལས་ཡུལ་མི་གཞན་ཡོང་འདོད་མེད་པའི་གནས་ཚུལ་གཉིས་བཟོས་ཏེ། ཡུལ་མི་དང་༸རིན་པོ་ཆེ་དབར་འགལ་ཟླའི་བསམ་བློའི་ས་བོན་བཏབ་པ་སོགས་ཅི་འདྲའི་སྲིད་ཇུས་གནག་པ་ལ། ཡང་། ཐུག་འཕྲད་དུ་བཏང་བ་ཚོར། བཏང་མ་སོང་ཟེར་བ་མེད་པ་ཙམ་གྱི་བྱ་ཐབས་ཁོ་ན་ཙམ་ཡིན་པར་ཉམས་མྱོང་བྱུང་འདུག
དེའི་མཉམ་དུ་སྲིད་ཇུས་ཤིག་བསྲེས་ཏེ་ཐུག་འཕྲད་པར་༸རིན་པོ་ཆེའི་སྐུ་པར་རེ་བསྐུར་ནས་ས་གནས་མི་མང་ལ་༸རིན་པོ་ཆེའི་སྐུའི་གནས་སྟངས་སྐོར་འགྲེལ་བཤད་གང་ལེགས་ལེགས་བྱེད་དགོས་སྐོར་བཀའ་བཏང་ཡོད། སྐུ་པར་དེ་ནི་ཐུག་འཕྲད་པ་དངོས་སུ་ཡོད་ས་དང་ཐུག་འཕྲད་པ་དང་ལྷན་དུ་བརྒྱབ་པའི་པར་ཞིག་མིན། ཕྱི་རྒྱལ་ནས་བལྟ་སྐོར་བ་ཡོང་ནའང་ས་གནས་གང་དུ་ཕེབས་ཀྱང་སྣེ་ལེན་ཡོད་ཚུལ་གྱི་སྐད་ཆ་བསྐུར་ཡོད། ལག་ལེན་དངོས་ཀྱི་ཐོག་ནས་ཕྱི་རྒྱལ་གྱི་མི་ཞིག་ཐོན་ཚེ་ས་ཆ་གང་དུ་འགྲོ་མིན་དང་བྱ་བ་ཅི་ཞིག་བྱེད་མིན་བཅས་ཀྱི་ཐད་མིག་དེད་དང་རྗེས་འདེད་བྱེད་བྱེད་པ་ཡིན།
དོན་དངོས་ཀྱི་ཐོག་ནས།༸སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆོག་ལ་ཁྲིམས་གྱི་མདུན་སར་འདྲ་མཉམ་གྱི་ཁེ་དབང་སྤྲད་མེད་པས། དེ་ནི་རྩ་ཁྲིམས་ཙམ་མ་ཟད། མི་རིགས་འདྲ་མཉམ་སྲིད་ཇུས་ཀྱི་ལྟ་གྲུབ་དང་ཡང་གཞི་འགལ་དུ་གྱུར་ཡོད་པ་རེད། ཁོང་ལ་དེ་ལྟ་བུའི་འདྲ་མཉམ་གྱི་ཁེ་དབང་བཙན་འཕྲོག་བྱེད་བཞིན་པ་ཡིན་ན་དམངས་ཁྲོད་ཀྱི་བོད་མི་ལ་དེའི་སྐོར་བཤད་མི་དགོས་པ་ཞིག་རེད། ༸བླ་མ་རང་ཉིད་ཀྱི་གཞི་རྩའི་དགོངས་པ་བཞེས་ཕྱོགས་ནི། ༸རིན་པོ་ཆེ་སྐུ་ངོ་མས། “ང་ནི་ཀྲུང་གོ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཤིག་ཡིན་ལ། ཀྲུང་གོ་རྒྱལ་ཁབ་ཀྱང་རང་གི་རྒྱལ་ཁབ་ཅིག་ཡིན་པར་ང་ལ་ངོས་འཛིན་ཡོད། དེར་བརྟེན་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་འབྲེལ། སྤྱི་ཚོགས་བདེ་འཇགས། འཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་ཡར་རྒྱས་སོགས་ཀྱི་ཐད་སོ་སོར་ནུས་པ་ཞིག་མེད་ན་མ་གཏོགས་བསྒྲིམས་བསྡད་པ་ཡིན།” ཞེས་གསུངས་པ་རེད། ཁོང་གི་དགོངས་པ་བཞེས་སྟངས་དང་ནང་ཆོས་ལ་ཉམས་བཞེས་མཛད་ཕྱོགས་སོགས་ངོས་གང་ནས་བལྟས་ཀྱང་། གལ་ཏེ་རྒྱ་ནག་ལ་ཁ་དོན་མཚུངས་པའི་བོད་རྒྱ་མི་རིགས་གཉིས་ཞི་འགྲིག་གི་བསམ་བློ་ཞིག་ཡོད་ན། ༸བླ་མ་ཁོང་ལ་དོགས་ཟོན་དང་སྡིགས་དམོད་བྱ་དགོས་དོན་ཅི་ཡང་མེད་པ་ནི་དངོས་དངོས་རྗེན་རྗེན་དུ་གྱུར་ཡོད་པ།
རྒྱ་ནག་གི་རྩ་ཁྲིམས་དོན་ཚན་ ༣༦ ནང་། “སུ་ཞིག་གིས་ཀྱང་བཙན་ཤེད་ཀྱིས་སྤྱི་དམངས་ལ་ཆོས་ལ་དད་མོས་བྱེད་དུ་འཇུག་པའམ། དད་མོས་བྱེད་དུ་མི་འཇུག་པ་བྱེད་མི་ཆོག” ཅེས་པའི་འགན་ལེན་བྱས་ཡོད། འོན་ཀྱང་། ཕྱི་ལོ་ ༢༠༠༧ ཕྱི་ཟླ་ ༧ ཚེས་ ༡༨ ཉིན། སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་པའི་སྲོལ་ཡིག་ལག་བསྟར་གྱིས་གཞུང་ནས་དངོས་སུ་ཐེ་བྱུས་དང་འཛུལ་ཞུགས་བྱས་པ་ནི། རྩ་ཁྲིམས་དོན་ཚན་ ༣༦ པ་དང་ཡོངས་སུ་འགལ་ཡོད། རྒྱ་ནག་གི་རྩ་ཁྲིམས་དོན་ཚན་ ༤ ནང་མི་རིགས་ཚང་མར་ “རང་ཉིད་ཀྱི་སྐད་དང་ཡི་གེ་སྤྱོད་པ་དང་གོང་དུ་སྤེལ་བ།”  ཞེས་དང་། མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་དོན་ཚན་ ༡༠ ནང་ “ས་གནས་དེ་གའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་དར་རྒྱས་སུ་གཏོང་བའི་རང་དབང་འགན་སྲུང་བྱ་རྒྱུ།” ཞེས་གསལ་ཡོད་ཀྱང་།༸རིན་པོ་ཆེ་མཆོག་ནས་བོད་ཀྱི་སྐད་དང་ཡི་གེ་སྲུང་སྐྱོབས་དང་གོང་འཕེལ་སོགས་ཀྱི་ཆེད་སློབ་གྲྭ་བཙུགས་པའི་མཛད་པ་ཚང་མར་རྒྱ་ནག་ས་གནས་གཞུང་གིས་ནག་ཉེས་ལ་བརྩིས་ཡོད་པ་རེད། རྒྱ་ནག་གི་རྩ་ཁྲིམས་དོན་ཚན་ ༣༦ ནང་། “རྒྱལ་ཁབ་ཀྱི་ཡུལ་མི་ཚང་མར་ཆོས་དད་རང་དབང་གི་ཐོབ་ཐང་ཡོད་” པར་འགན་སྲུང་བྱས་ཡོད། འོན་ཀྱང་། ༸རིན་པོ་ཆེ་མཆོག་གིས་ཆོས་ཉམས་ལེན་བྱེད་སར་དགོན་ཁག་བརྒྱད་གསར་འཛུགས་གནང་བའང་ས་གནས་གཞུང་གིས་ནག་ཉེས་སུ་བརྩིས།
ཉེ་དུས། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༦ ཉིན་རིན་པོ་ཆེ་དང་ཐུག་འཕྲད་ཞུ་སྐབས། “ངའི་དོན་དུ་ཁྱེད་ཚོས་གོང་རིམ་ལ་ཞུ་གཏུག་གང་བྱེད་དགོས་ན་བྱེད་ཞོག  ལ་ལས་གོང་རིམ་ལ་ཞུ་གཏུག་དང་ལས་འགུལ་སོགས་སྤེལ་ན། ངའི་གནས་སྟངས་སྡུག་ཏུ་འགྲོ་སྲིད་པའི་སྐོར་ཤོད་མཁན་ཡོད་ཚོད་འདུག་ཀྱང་། ང་ད་ལྟའི་སྐབས་ལྷུང་ས་མེད་ན་མ་གཏོགས་ལྷུང་ཚར་བ་རེད། ཞུ་གཏུག་དང་ལས་འགུལ་སོགས་གང་ཞིག་བྱེད་དགོས་ཀྱང་བྱོས།” ཞེས་གསུངས་ཡོད། དེའི་ཐོག་ནས་ངོ་ཚོས་མཐོང་ཐུབ་པ་ནི། ལོ་ངོ་བཅུ་ཕྲག་གཅིག་ལྷག་གི་རིང་ཉིན་མཚན་དང་ཟླ་ལོ་མཐུད་དེ་ཞུ་གཏུགས་སོགས་ཀྱི་ཐབས་ཤེས་ཡོད་རྒུ་སྤྱད་ཀྱང་ལྷུང་ས་མེད་ན་མ་གཏོགས་ལྷུང་སྟེ། ཞུ་གཏུག་དོན་ཕན་ལྡན་པ་ཡོང་གི་མེད་པ་དང་། ཞུ་གཏུག་དང་ལས་འགུལ་སོགས་གང་ཞིག་བྱེད་དགོས་ཀྱང་བྱོས། ཞེས་གསུངས་པ་དེས་རྒྱ་ནག་ནང་ལ་རེ་བ་མེད་པར་ཕྱི་ཕྱོགས་སུ་ཐུགས་རེ་གནང་བཞིན་ཡོད་པ་གསལ་པོ་གོ་ཐུབ།
༸རིན་པོ་ཆེའི་གནས་སྟངས་དེ་རྒྱ་ནག་གི་ཁྲིམས་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན་ཞིང་། དགོད་བྲོ་བ་ཞིག་ལ། ཕྱི་ལོ་ ༡༠༡༣ ཕྱི་ ༡༡ ཚེས་༢༡ ཉིན། རྒྱ་ནག་གི་ཆེས་མཐོའི་ཁྲིམས་ཁང་གིས་ནག་མེད་ཉེས་འགེལ་གྱི་གྱོད་གཞི་འགོག་ཐབས་ཀྱི་ལས་དོན་བསམ་འཆར་ཟེར་བའི་ཡིག་ཆ་ཞིག་བསྟན་ཡོད་པ་དང་། དེ་ནི་དོགས་ཡོད་མི་སྣར་གྲང་ངར་དང་།  བཀྲེས་སྐོམ།  ཉི་མར་བསྲེག་པ་སོགས་ལུས་སེམས་གཉིས་ལ་མནར་གཅོད་ཚད་མེད་གཏོང་བ་བཅས་རྣམ་པ་འདྲ་མིན་གྱི་ཚ་འདྲི་ཚ་འདེད་ཀྱི་ཐོག་ནས་ངོས་ལེན་བྱེད་དུ་འཇུག་པའི་བྱ་ངན་དེ་དག་མ་འོངས་མི་ཡོང་བར་བཟོ་དགོས་སྐོར་གྱི་བསམ་འཆར་ཡིག་ཆ་ཞིག་ཡིན། དེའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་གཙོ་བོའི་གྲས་སུ་རྒྱལ་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་ཡོད་ཚུལ་དང་། ཁྲིམས་འཛིན་དྲང་བདེན་ཡིན་པ། ཁྲིམས་ཁང་གིས་དཔང་རྟགས་དང་གྱོད་དོན་བརྟག་དཔྱད་ཞིབ་འཇུག་ཚད་ལྡན། ནག་ཉེས་ཁས་ལེན་བྱ་རྒྱུ་གཙོ་བོར་མི་འཛིན་པའི་ལྟ་ཚུལ་གྱི་རྣམ་འགྱུར་སྟོན་ཆེད་ཡིན།

འོན་ཀྱང་། ཡིག་ཆ་དེའི་ཡིག་འབྲུའི་དབར་ནས། ང་ཚོ་དབང་འཛིན་པའི་ཕྱོགས་ནས་དེ་སྔར་དོགས་གཞི་ཅན་ཚོར་གྲང་ངར་དང་།  བཀྲེས་སྐོམ།  ཉི་མར་བསྲེག་པ་སོགས་ལུས་སེམས་གཉིས་ལ་མནར་གཅོད་ཚད་མེད་བཏང་བ་བཅས་རྣམ་པ་འདྲ་མིན་གྱི་ཚ་འདྲི་ཚ་འདེད་དང་། བཙན་དབང་གིས་ནག་ཉེས་ངོས་ལེན་བྱེད་དུ་འཇུག་པ། འགྲོ་མ་མིའི་ཐོབ་ཐང་དང་ཁྲིམས་འཛིན་དྲང་བདེན་མིན་པ། དེ་སྔར་དོགས་ཡོད་ལ་ནག་ཉེས་བཙན་འགེལ་བྱ་རྒྱུ་གཙོ་བོར་འཛིན་པ་ལས་དཔང་རྟགས་དང་ཞིག་འཇུག་གི་ཚད་གཞི་གང་ཡང་བྱུང་མེད། ཅེས་པ་དེ་གསལ་པོ་བསྟན་ཡོད།

བོད་ཀྱི་མང་གཙོ་དྲ་ཚིགས་ཀྱི་རྩོམ་སྒྲིག་པ།དགེ་བཤེས་སེར་སྨད་བློ་དགའ་ནས་
གསལ་བཤད།
མ་རྩོམ་བོད་ཡིག་ཡིན་པའི་ཐོག
དབྱིན་ཡིག་དང་། རྒྱ་ཡིག་གཉིས་ཀའི་ཐོག་ནས་གཟིགས་ཐུབ་པ་ཡིན།
ཕྱི་ལོ་༢༠༡༥ཕྱི་ཟླ་༧ཚེས་༡༤ཉིན་སྤེལ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།