ཀ་ཤི་མིར་དང་འབྲེལ་བའི་ཁྲིམས་འཆར་དེ་རྩ་ཁྲིམས་དང་མཐུན་གྱི་མེད་པ་རེད་འདུག
རྒྱ་གར་དབུས་གཞུང་གིས་རྩོད་རྙོག་ཆེ་བའི་ཀ་ཤི་མིར་དང་འབྲེལ་བའི་ཁྲིམས་འཆར་གཉིས་བཏོན་པ་དེ་གྲོས་ཚོགས་གོང་འོག་གཉིས་ནང་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་ཀྱང་། ཁྲིམས་འཆར་འདོན་སྟངས་དེ་རྩ་ཁྲིམས་གཞིར་བཟུང་མིན་པས། བྱེད་སྟངས་དེར་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་རྒྱུ་ཡིན་སྐོར་རྩ་ཁྲིམས་ཐོག་གི་ཁྲིམས་རྩོད་པ་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་རྩོད་པ་ཁག་ཅིག་གིས་བརྗོད་འདུག
ཟླ་༨ པའི་ཚེས་༥ ཉིན་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ནང་། དབུས་གཞུང་གི་ནང་སྲིད་བློན་ཆེན་ཨ་མེཌ་ཤཱ་ཡིས། རྩ་ཁྲིམས་དོན་ཚན་༣༧༠ ཡི་འོག་ཏུ་རྒྱ་གར་ནང་ཁ་ཆེ་མང་མོས་ཡིན་པའི་མངའ་སྡེ་གཅིག་པུ་སྟེ་ཇཱ་མུ་དང་ཀ་ཤི་མིར་ལ་ཡོད་པའི་དམིགས་བསལ་རང་སྐྱོང་གི་གནས་བབ་དེ་ཕྱིར་འཐེན་བྱེད་རྒྱུ་དང་། མངའ་སྡེ་དེ་དུམ་བུ་གཉིས་སུ་བཏང་སྟེ་ཇཱ་མུ་དང་ཀ་ཤི་མིར། ལ་དྭགས་བཅས་བཟོ་རྒྱུ་དང་། དེ་གཉིས་ནས་ཇཱ་མུ་དང་ཀ་ཤི་མིར་དེ་གྲོས་ཚོགས་ཡོད་པའི་དབུས་གཞུང་གི་འཛིན་སྐྱོང་མངའ་ཁུལ་དང་། ལ་དྭགས་དེ་གྲོས་ཚོགས་མེད་པའི་དབུས་གཞུང་གི་འཛིན་སྐྱོང་མངའ་ཁུལ་བཟོ་རྒྱུ་བཅས་ཀྱི་ཁྲིམས་འཆར་གཉིས་བཏོན་ཡོད་པ་རེད། ཁྲིམས་འཆར་དེ་མ་བཏོན་པའི་ཉིན་ཤས་སྔོན་ནས་ཇཱ་མུ་དང་ཀ་ཤི་མིར་ཡོད་པའི་གནས་སྐོར་བ་དང་ཡུལ་སྐོར་སྤྲོ་འཆམ་པ་ཚོར། ཁུལ་དེར་འཇིགས་སྐུལ་རིང་ལུགས་པའི་དྲག་རྒོལ་ཚབས་ཆེན་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་ནས། ཚང་མ་ཕྱིར་ལོག་བཏང་ཡོད་ཁར། ཁུལ་དེར་དམག་མི་སྣོན་མ་སྟོང་ཕྲག་མང་པོ་བཏང་ནས། མི་བཞི་ལས་མང་བ་འདུ་འཛོམས་མི་ཆོག་པ་བཟོས། དེ་བཞིན་ཁ་པར་དང་དྲ་རྒྱ་བཀག་སྡོམ་དང་སྦྲགས། ཁུལ་དེའི་མངའ་སྡེའི་བློན་ཆེན་ཟུར་པ་གཉིས་འཛིན་བཟུང་བཀག་ཉར་བྱས་པ་སོགས་དམ་དྲག་ཚབས་ཆེན་ཆགས་ཡོད་པ་རེད།
གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་དེ་བཏོན་སྐབས། རྒྱ་གར་ནང་སྲིད་བློན་ཆེན་གྱིས་ཁྲིམས་འཆར་དེར་རྒྱ་གར་དབུས་གཞུང་གི་སྲིད་འཛིན་གྱིས་བཀའ་རྒྱ་བཏང་ཟིན་ཡོད་པ་དང་། ཇཱ་མུ་དང་ཀ་ཤི་མིར་གྱི་སྤྱི་ཁྱབ་དཔོན་གྱིས་མོས་མཐུན་བྱས་ཟིན་སྐོར་བརྗོད་ཡོད་པ་རེད་དེ། རྩ་ཁྲིམས་ཀྱི་དོན་ཚན་༣༧༠ ནང་དུ་གལ་ཏེ་མངའ་སྡེ་དེར་ཡོད་པའི་དམིགས་བསལ་རང་སྐྱོང་གི་གནས་བབ་དེ་ཕྱིར་འཐེན་བྱེད་པར། སྲིད་འཛིན་གྱི་བཀའ་རྒྱ་བཏང་ཆོག་ནའང་། མངའ་སྡེའི་རྩ་ཁྲིམས་ལྷན་ཚོགས་(Constituent assembly)ནས་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་པའི་ཆ་རྐྱེན་ཡོད་འདུག འོན་ཀྱང་ཕྱི་ལོ་༡༩༥༦ ལོར་མངའ་སྡེའི་རྩ་ཁྲིམས་ལྷན་ཚོགས་དེ་རྩ་གྲོལ་བཏང་འདུག་པས། དབུས་གཞུང་གིས་རྩ་ཁྲིམས་དོན་ཚན་གཞན་ཞིག་ཕྱིར་འཐེན་བྱས་ཏེ། རྩ་ཁྲིམས་དོན་ཚན་༣༧༠ ཡི་ནང་གི་རྩ་ཁྲིམས་ལྷན་ཚོགས་དེ་མངའ་སྡེའི་གྲོས་ཚོགས་ལ་གོ་རྒྱུ་ཡོད་པ་ཆགས་འདུག་པས། གཞུང་གི་བརྒྱུད་རིམ་དེར་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་རྒྱུ་ཡིན་ཁར། ཁྲིམས་རྩོད་པའི་སྡེ་ཚན་ཞིག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་། དབུས་གཞུང་གི་ལས་དོན་བརྒྱུད་རིམ་དེ་རྩ་ཁྲིམས་དང་མཐུན་གྱི་མེད་པའི་ཞུ་གཏུག་བྱེད་པའི་གྲ་སྒྲིག་བྱེད་བཞིན་ཡོད་འདུག
དེ་བཞིན་དབུས་གཞུང་གིས་ཁྲིམས་འཆར་དེ་མ་བཏོན་པའི་སྔོན་ནས་ཇཱ་མུ་དང་ཀ་ཤི་མིར་མངའ་སྡེའི་གཞུང་གིས་རྒྱབ་སྐྱོར་ཐོབ་ཡོད་སྐོར་བརྗོད་འདུག་ཀྱང་། ལོ་གཅིག་གི་སྔོན་ནས་མངའ་སྡེ་དེ་གཞུང་འཛིན་ཟླ་སྒྲིལ་ཚོགས་པ་བྷི་ཇི་བྷི་དང་ས་གནས་ཀྱི་ཚོགས་པ་གཉིས་ཁ་འཐོར་ནས། མངའ་སྡེའི་གྲོས་ཚོགས་རྩ་གྲོལ་བཏང་བ་མ་ཟད། མངའ་སྡེ་དེ་རྒྱ་གར་དབུས་གཞུང་གི་སྲིད་འཛིན་གྱི་སྟངས་འཛིན་འོག་ཏུ་བཅུག་ཡོད་པ་དང་། མངའ་སྡེའི་གྲོས་ཚོགས་འོས་བསྡུ་ཡང་འཇིགས་སྐུལ་རིང་ལུགས་པའི་དྲག་རྒོལ་གྱི་ཉེན་ཁ་ཡོད་ཚུལ་བརྗོད་ནས་ཕྱིར་འགྱངས་བྱས་འདུག་པས། ད་ལྟའི་ཆར་མངའ་སྡེའི་ནང་གཞུང་ཞིག་མེད་ཁར། སྲིད་འཛིན་གྱི་ཐད་ཀར་སྟངས་འཛིན་འོག་ཡོད་འདུག་པས། དེ་ལ་ཡང་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་སྲིད་པའི་གནད་དོན་ཞིག་ཆགས་ཀྱི་ཡོད་འདུག
རྩ་ཁྲིམས་དོན་ཚན་༣༧༠ ཡི་འོག་ཏུ་མངའ་སྡེ་དེར་སོ་སོའི་རྩ་ཁྲིམས་བཟོ་རྒྱུ་དང་། དར་ཆ་ལོག་ཁར་ཡོད་པ། དེ་བཞིན་ཕྱི་འབྲེལ་དང་བདེ་སྲུང་། འབྲེལ་ལམ་གྱི་ལས་དོན་བཅས་མ་ཚུད་པའི་ལས་དོན་ལྷག་མ་རྣམས་ལ་ཐག་གཅོད་བྱེད་རྒྱུའི་དབང་ཚད་ཡོད་པ་རེད་འདུག དེ་བཞིན་དོན་ཚན་དེའི་འོག་གི་ནང་གསེས་དོན་ཚན་༣༥ ཀ་པ་ཡི་ནང་དུ། མངའ་སྡེའི་ནང་དུ་གཏན་སྡོད་མི་མང་མ་གཏོགས། མངའ་སྡེ་གཞན་གྱི་མི་རྣམས་ཀྱིས་ཁུལ་དེར་ས་ཁང་ཉོ་མི་ཆོག་པ་དང་་། མངའ་སྡེའི་གཞུང་ནང་ལས་ཀ་བྱེད་ཆོག་གི་མེད་པ་རེད་འདུག་པས། རྩ་ཁྲིམས་དོན་ཚན་༣༧༠ ཕྱིར་འཐེན་དང་སྦྲགས་ནས་དམིགས་བསལ་ཐོབ་ཐང་དེ་ཚོ་མེད་པ་ཆགས་རྒྱུ་དང་། མངའ་སྡེ་གཞན་ནས་མི་མང་གནས་སྤོས་ཀྱིས་ས་ཁང་ཉོ་ཆོག་པ་ཆགས་རྒྱུ་རེད་འདུག རྒྱ་གར་དབུས་གཞུང་འཛིན་ཚོགས་པ་བྷི་ཇེ་བྷི་དང་ཁྲིམས་འཆར་དེར་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་གིས། ཇཱ་མུ་དང་ཀ་ཤི་མིར་ལ་ཡོད་པའི་དམིགས་བསལ་རང་སྐྱོང་གི་གནས་བབ་དེ་ལ་བརྟེན་ནས། མངའ་སྡེ་དེ་རྒྱ་གར་གྱི་མངའ་སྡེ་གཞན་དང་རྒྱལ་ཁབ་ནས་ཐག་རིང་པོ་ཆགས་ཀྱི་ཡོད་ཁར། དཔལ་འབྱོར་འཕེལ་རྒྱས་འགྲོ་བར་འགོག་རྐྱེན་ཆགས་ཀྱི་ཡོད་པས། ཁུལ་དེའི་གཞོན་སྐྱེས་མང་པོ་ཞིག་འཇིགས་སྐུལ་རིང་ལུགས་པ་ཆགས་ཀྱི་ཡོད་སྐོར་བརྗོད་ཀྱི་ཡོད་པ་དང་། ཁྲིམས་འཆར་དེ་གཉིས་ལ་གྲོས་ཚོགས་གོང་མའི་ནང་བྷི་ཇེ་བྷི་མང་མོས་མིན་ཡང་རྒྱབ་སྐྱོར་ཐོབ་ཡོད་ཁར། གྲོས་ཚོགས་འོག་མའི་ནང་བྷི་ཇེ་བྷི་དང་ཟླ་སྒྲིལ་ཚོགས་པར་རྐུབ་སྟེགས་དགོས་ངེས་ཀྱི་མང་མོས་ལས་མང་བ་ཡོད་པས་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་པ་རེད། རྒྱབ་སྐྱོར་ཐོབ་པའི་རྗེས་སུ་སྲིད་བློན་མཱོ་དྷི་ཡིས་མངའ་སྡེ་དེར་རང་དབང་དང་ཡར་རྒྱས་གོང་འཕེལ་གྱི་མདུན་ལམ་གསར་པ་ཞིག་ཡོང་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།
ཁྲིམས་འཆར་དེར་དགག་བྱ་བྱེད་མཁན་མང་པོ་ཞིག་གིས། དབུས་གཞུང་གིས་མངའ་སྡེ་དེའི་མི་མང་གི་བསམ་ཚུལ་ལ་རྩ་འཛིན་གང་ཡང་མ་བྱས་པ་མ་ཟད། རྩ་ཁྲིམས་དང་འགལ་ནས་ཁྲིམས་འཆར་བཏོན་པ་དེ་ནི་འགྲིག་གི་མེད་ཚུལ་བརྗོད་ནས། གྲོང་ཁྱེར་ཁག་ཅིག་ཏུ་ངོ་རྒོལ་ལས་འགུལ་ཡང་སྤེལ་འདུག དེ་བཞིན་བྷི་ཇེ་བྷི་སྲིད་དོན་ཚོགས་པ་ནི་ཧིན་རྡུ་མི་རིགས་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་པའི་སྐྱོན་བརྗོད་བྱེད་མཁན་ཡོད་ཁར། གཞུང་འཛིན་ཚོགས་པ་ཆགས་ནས་བཟུང་ཁ་ཆེ་མི་རིགས་ལ་རུབ་བརྡུང་དང་དམར་གསོད་ཀྱི་གནད་དོན་མང་པོ་འབྱུང་བཞིན་ཡོད་པས། ཐེངས་འདིའི་བྱ་སྤྱོད་ཡང་མངའ་སྡེ་དེའི་ནང་ཁ་ཆེ་གྲངས་ཉུང་མི་རིགས་བཟོ་ཆེད་ཡིན་པའི་སྐྱོན་བརྗོད་བྱེད་མཁན་ཡང་མང་པོ་ཡོད་འདུག
ཁྲིམས་འཆར་དེ་ལ་བརྟེན་ནས་ལོ་མང་རིང་ནས་ལ་དྭགས་མི་མང་གིས། ཁུལ་དེ་ཇཱ་མུ་དང་ཀ་ཤི་མིར་མངའ་སྡེ་ནས་ཁ་བྲལ་གྱིས་དབུས་གཞུང་གི་སྟངས་འཛིན་མངའ་ཁུལ་བཟོ་རྒྱུའི་དགོས་འདུན་བསྒྲུབས་ཡོད་པས། མི་མང་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱེད་བཞིན་འདུག་པ་དང་སྦྲགས། རྒྱ་གར་ནང་བྷི་ཇི་བྷི་རྒྱབ་སྐྱོར་བ་དང་ཁྲིམས་འཆར་དེར་རྒྱབ་སྐྱོར་བྱེད་མཁན་ཚོས་དགའ་བསུ་བྱེད་བཞིན་འདུག འོན་ཀྱང་སྐྱོན་བརྗོད་པ་ཁག་ཅིག་གིས་གཞུང་གི་ལས་དོན་དེ་ནི་ཁ་ཆེ་མང་མོས་ཡིན་པའི་མངའ་སྡེ་དེའི་ནང་གི་ས་ཆ་གཞན་ནས་མི་མང་གནས་སྤོས་བྱེད་རྒྱུ་ཡོད་པ་བཟོས་ནས། མི་འབོར་འགྱུར་བ་གཏོང་རྒྱུའི་འཆར་གཞི་ཡིན་པ་དང་། དེ་ལ་བརྟེན་ནས་ཁུལ་དེའི་བརྟན་བརླིང་ལ་དོ་ཕོག་ཆེན་པོ་འགྲོ་རྒྱུ་མ་ཟད། ཀ་ཤི་མིར་མི་མང་གིས་རྒྱ་གར་ལ་ཡོད་པའི་འཁོན་འཛིན་ཆེ་རུ་འགྲོ་རྒྱུའི་སེམས་འཚབ་བྱེད་བཞིན་འདུག
རྒྱ་ནག་གཞུང་གིས་རྒྱ་གར་གཞུང་གི་བྱེད་སྟངས་དེར་དགག་པ་ཡོད་པ་དང་། དེ་ལ་ཁྲིམས་ཐོག་ནས་ནུས་པ་གང་ཡང་ཐོན་རྒྱུ་མིན་པ། ལ་དྭགས་རང་སྐྱོང་མངའ་ཁུལ་བཟོས་པ་ལ་བརྟེན་ནས་ཕྱོགས་གཉིས་བར་གྱི་ས་མཚམས་རྩོད་རྙོག་ཐད་གཟབ་གཟབ་བྱེད་དགོས་སྐོར་བརྗོད་འདུག་པས། རྒྱ་གར་གྱིས་རྒྱུན་དུ་ནས་རྒྱ་གར་གྱིས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་བྱུས་བྱེད་ཀྱི་མེད་པས། ཐེངས་འདིའི་ཁྲིམས་འཆར་དེ་ནི་ནང་སྲིད་ཀྱི་གནད་དོན་ཡིན་པས། ཐེ་བྱུས་མ་བྱས་ན་བཟང་བ་ཡོད་སྐོར་ལན་འདེབས་བྱས་འདུག
པཱ་ཀི་སི་ཐན་གྱི་འཛིན་སྐྱོང་འོག་ཏུ་ཡང་ཀ་ཤི་མིར་གྱི་ས་ཆའི་ཆ་ཤས་ཤིག་ཡོད་པས། རྒྱལ་ཁབ་དེའི་སྲིད་བློན་གྱིས་རྒྱ་གར་དབུས་གཞུང་གི་བྱེད་སྟངས་དེ་ནི་ཀ་ཤི་མིར་མི་རིགས་རྩ་མེད་གཏོང་བའི་འཆར་གཞི་ཡིན་པས། མཐའ་གཅིག་ཏུ་དགག་བྱ་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་སོགས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ཏུ་ཞུ་གཏུག་བྱེད་རྒྱུ་ཡིན་པ་དང་། ཀ་ཤི་མིར་མི་མང་གི་རྒྱབ་ཏུ་ལངས་རྒྱུ་ཡིན་སྐོར་བརྗོད་འདུག་པ་དང་། པཱ་ཀི་སི་ཐན་འོག་ཏུ་ཡོད་པའི་ཀ་ཤི་མིར་ས་ཁུལ་དུ་རྒྱ་གར་ལ་ཁ་གཏད་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་བཞིན་འདུག
ད་ལྟའི་ཆར་མངའ་སྡེའི་ནང་ཁ་པར་དང་དྲ་ལམ་ཚང་མ་བཀག་སྡོམ་འོག་ཡོད་འདུག་པས། མངའ་སྡེའི་ཕྱི་ལོགས་དང་རྒྱལ་ཁབ་གཞན་དུ་ཡོད་མཁན་སྤུན་མཆེད་རྣམས་ཀྱིས་རང་གི་ནང་མི་དང་འབྲེལ་ལམ་བྱེད་ཐབས་མེད་པས། སེམས་ཁྲལ་བྱེད་བཞིན་ཡོད་འདུག རྒྱ་གར་དབུས་གཞུང་གིས་ཁྲིམས་འཆར་དེ་གྲོས་ཚོགས་ནང་མ་བཏོན་པའི་སྔོན་ནས་དམག་མི་སྣོན་མ་སྟོང་ཕྲག་མང་པོ་སྒྲིག་འཇོག་བྱེད་དགོས་དོན་ཡང་། ཁྲིམས་འཆར་དེ་ལ་བརྟེན་ནས་ངོ་རྒོལ་ལས་འགུལ་འགོག་ཆེད་ཡིན་འདུག་པས། གནས་བབ་ལ་བརྟེན་ནས་བཀག་སྡོམ་དེ་རིགས་ཕྱིར་འཐེན་ག་དུས་བྱེད་མིན་ཚོད་དཔག་བྱེད་དཀའ་བ་ཡིན་འདུག
རྩ་ཁྲིམས་དོན་ཚན་༣༧༠ ཡི་ནང་གི་དམིགས་བསལ་རང་སྐྱོང་གནས་བབ་ཕྱིར་འཐེན་བྱས་པ་དང་སྦྲགས། དོན་ཚན་༣༧༡ ཡི་འོག་ཏུ་རྒྱ་གར་བྱང་ཤར་མངའ་སྡེ་ཁག་ཅིག་ནང་དུ། ཁྲིམས་བཟོའི་དབང་ཚད་དང་ས་ཁང་བདག་ཉར་སོགས་ཀྱི་དམིགས་བསལ་ཐོབ་ཐང་ཁག་ཅིག་ཡོད་འདུག་པས། ཁུལ་དེའི་མི་མང་ནང་ཐོབ་ཐང་དེ་རིགས་ཕྱིར་འཐེན་བྱེད་ཉེན་ཡོད་པར་སེམས་འཚབ་བྱེད་བཞིན་འདུག སྤྱིར་བཏང་མངའ་སྡེ་གཞན་གྱི་མིས་ས་ཁང་ཉོ་མི་ཆོག་པའི་ཁྲིམས་དེ་ཧི་མ་ཅལ་དང་ཨུ་ཊར་ཁན་ཌ་སོགས་མངའ་སྡེ་གཞན་ཁག་ཅིག་ནང་དུ་ཡང་ཡོད་འདུག
ཕྱི་ལོ་༡༩༤༧ ལོར་དབྱིན་ཡུལ་འོག་ནས་རྒྱ་གར་རང་བཙན་ཐོབ་སྐབས། ཁ་ཆེ་མང་མོས་ཡིན་པའི་ཇཱ་མུ་དང་ཀ་ཤི་མིར་མངའ་སྡེ་དེ་པཱ་ཀི་སི་ཐན་དང་ཟླ་སྒྲིལ་བྱེད་རྒྱུ་ཡིན་པའི་ཚོད་དཔག་བྱས་ཡོད་ཀྱང་། ཁག་ཅིག་གིས་བརྗོད་ན་སྐབས་དེའི་མངའ་ཁུལ་གྱི་ཧིན་རྡུ་རྒྱལ་པོས་རང་བཙན་གྱི་གནས་བབ་འོག་སྡོད་རྒྱུ་ཐག་གཅོད་བྱས་ཡོད་པ་དང་། ཁག་ཅིག་གིས་རྒྱལ་པོ་དེས་ཐག་གཅོད་བྱེད་མ་ཐུབ་པར་ལྷག་བསྡད་ཡོད་པའི་སྐབས་སུ། ཁུལ་དེའི་ནུབ་ཕྱོགས་ས་ཁུལ་ནས་གྱེན་ལངས་མི་མང་དམག་དང་པ་ཀི་སི་ཐན་ནས་སྡེ་པ་ཞིག་གི་དམག་མི་བཅས་ཀྱིས་བཙན་འཛུལ་བྱས་པས། རྒྱལ་པོས་ཐོག་མར་ཕར་རྒོལ་བྱས་ཀྱང་། རྗེས་སུ་རྒྱ་གར་ལ་རོགས་པ་སློང་ནས་བཙན་འཛུལ་བ་རྣམས་ཕྱིར་འདེད་བཏང་རྗེས་རྒྱ་གར་མངའ་འོག་ཏུ་འཛུལ་རྒྱུའི་གྲོས་མཐུན་བཞག་ཡོད་འདུག རྗེས་སུ་རྒྱ་གར་དང་པ་ཀི་སི་ཐན་གཉིས་བར་མངའ་ཁུལ་དེའི་ཆེད་དུ་དམག་ཐེངས་གསུམ་བརྒྱབ་རྗེས། རྒྱལ་ཁབ་གཉིས་ཀའི་འོག་ཏུ་ཀ་ཤི་མིར་གྱི་ས་ཆ་ཆ་བགོས་ཀྱིས་ཞི་བའི་གྲོས་མཐུན་བཞག་འདུག འོན་ཀྱང་ཕྱི་ལོ་༡༩༨༧ ལོར་མངའ་སྡེའི་གྲོས་ཚོགས་འོས་བསྡུའི་གྲུབ་འབྲས་ལ་རྩོད་རྙོག་བྱུང་ནས། ཀ་ཤི་མིར་ནང་དྲག་པོའི་གྱེན་ལངས་ཤོག་ཁག་བྱུང་ནས་རྒྱ་གར་ནས་ཁ་བྲལ་གྱི་འཐབ་རྩོད་བྱས་ཡོད་པས། རྒྱ་གར་གཞུང་གིས་དམག་མི་སྟོང་ཕྲག་མང་པོ་སྒྲིག་འཇོག་བྱས་ཏེ། དྲག་གནོན་བྱེད་འགོ་བཙུགས་ནས་བཟུང་ད་བར་ཁུལ་དེར་ཕྱོགས་གཉིས་བར་དྲག་རྒོལ་གྱི་གནད་དོན་བསྟུད་མར་བྱུང་བཞིན་ཡོད་པས། ཞི་བདེ་དང་བརྟན་བརླིང་མེད་པ་ཆགས་ཡོད་པ་རེད་ལ། ཐེངས་འདིར་རྒྱ་གར་དབུས་གཞུང་གི་ཁྲིམས་འཆར་དེ་ལ་བརྟེན་ནས་ཁུལ་དེའི་གནས་སྟངས་ཛ་དྲག་ཏུ་འགྲོ་ཉེན་ཆེན་པོ་ཡོད་པ་རེད་འདུག་པས། གནད་དོན་དེ་སེལ་ཆེད་ཀྱི་ཐབས་ལམ་གཅིག་པུ་དེ་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་གཏུག་བྱེད་རྒྱུ་དེ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།