ཀེམ་ཇོང་ཨན་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་འདུག

ཟླ་འདིའི་ཚེས་ ༡༡ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། བྱང་ཀོ་རི་ཡའི་ནང་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་བྱུང་བའི་སྐབས། ཀེམ་ཇོང་ཨན་ལ་ཚ་བ་ཤུགས་ཆེན་འབར་ནས་གཟུགས་གཞི་མི་བདེ་བའི་དཀའ་ངལ་འཕྲད་ཡོད་ལུགས་ཁོ་པའི་གཅུང་མོ་ཀེམ་ཡོང་ཇོང་གིས་ཕྱིར་བསྒྲགས་བྱས་ཡོད་འདུག

ལོ་འདིའི་ཕྱི་ཟླ་ ༥ པའི་ཚེས་ ༡༢ ཉིན་བྱང་ཀོ་རེ་ཡའི་ནང་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་བྱུང་བ་ནས་བཟུང་ད་བར་ཏོག་དབྱིབས་སྔོན་འགོག་གི་ལས་དོན་ཅི་འདྲ་ཞིག་སྤེལ་ཡོད་མིན་སྐོར་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཤེས་རྟོགས་གང་ཡང་བྱུང་མེད་ཀྱང་། ཕྱི་ཚེས་ ༡༡ ཉིན་ཀེམ་གྱི་གཅུང་མོ་ཀེམ་ཡོང་ཇོང་གིས་བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་ཁང་བརྒྱུད་ནས་གཏམ་བཤད་ཅིག་སྤེལ་བའི་ནང་། བྱང་ཀོ་རི་ཡ་ནང་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་བྱུང་རྐྱེན་ནི་ལྷོ་ཀོ་རི་ཡ་གཞུང་གིས་བྱང་ཇོ་རེ་ཡའི་རྒྱལ་མཚམས་ལས་བརྒལ་ནས་རྒྱལ་ས་ཕོང་ཡང་དུ་ནད་དུག་ཡོད་པའི་ངོ་རྒོལ་གྱི་བསྒྲགས་ཡིག་བསྐུར་བ་ལ་བརྟེན་ནས་ནད་དུག་ཁྱབ་གདལ་སོང་ཡོད་ལུགས་བརྗོད་ཡོད་པ་མ་ཟད། ཁོང་ཚོས་དུས་རྒྱུན་ནས་སྒང་ཕུག་བེད་སྤྱོད་བྱེད་ནས་བྱང་ཀོ་རི་ཡ་ནང་དཀྲོག་གཏམ་འཁོད་པའི་བསྒྲགས་ཡིག་རིགས་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་མ་ཟད། ལྷོ་ཀོ་རི་ཡའི་བསྒྲགས་ཡིག་དེ་དག་གི་རྐྱེན་པས་ནད་དུག་དེ་ལྟ་བུ་ཁྱབ་གདལ་བྱས་པ་དེ་ནི་མི་རིགས་རྩ་གཏོར་གྱི་ནག་ཉེས་བཟོས་བཞིན་ཡོད་པས་བྱང་ཀོ་རི་ཡ་ངོས་ནས་འཁོན་ལན་སློག་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

དེ་བཞིན་ཁོ་མོའི་གཏམ་བཤད་ཁྲོད་དུ་ཀེམ་གྱིས་གཟུགས་གཞི་བདེ་ཐང་གི་སྐོར་ལ་བརྗོད་དོན། མ་གཞི་ཁོ་ལ་ཚ་བ་འབར་ནས་ནད་ལྗིད་མོ་ཕོག་ཡོད་ཀྱང་། ཁོ་པའི་སེམས་ལ་དྲན་རྒྱུ་དང་བསམ་རྒྱུ་གཅིག་པོ་དེ་ནི་མི་མང་རྣམས་ལ་ལྟ་རྟོག་བྱེད་རྒྱུ་དང་རིམས་ནད་སྔོན་འགོག་བྱེད་རྒྱུའི་ཐད་ཤུགས་གནོན་རྒྱབ་རྒྱུ་ལས་ཁོང་རང་ཉིད་དུས་ཡུན་ཕྲན་བུ་ཙམ་ཡང་ངལ་གསོ་རྒྱག་རྒྱུ་ཁོམ་པ་མེད་སྐོར་བརྗོད་ཡོད་པ་མ་ཟད། གཞན་ཡང་ད་ལྟའི་ཆར་བྱང་ཀོ་རི་ཡ་ནང་དུ་ཏོག་དབྱིབས་སྔོན་འགོག་གི་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོན་ཡོད་པ་དང་། ཕྱི་ཟླ་ ༤ པ་ནས་བཟུང་བྱང་ཀོ་རི་ཡ་ནང་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་བྱུང་བ་ནས་བཟུང་ད་བར་མི་གྲངས་ས་ཡ་ ༤།༨ ལ་ཏོག་ནད་ཕོག་པའི་ཁྲོད་རྐྱེན་འདས་སུ་སོང་བའི་མི་གྲངས་ ༧༤ ལས་བྱུང་མེད་སྐོར་བྱང་ཀོ་རེ་ཡ་གཞུང་འབྲེལ་གསར་ཁང་གིས་འགྲེལ་བརྗོད་བྱས་ཡོད་འདུག

འོན་ཀྱང་རྒྱལ་སྤྱིའི་ནང་བྱང་ཀོ་རི་ཡ་གཞུང་གིས་ཏོག་དབྱིབས་སྔོན་འགོག་གི་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོན་ལུགས་ཕྱིར་བསྒྲགས་བྱས་པ་དེར་ཐེ་ཚོམ་བྱེད་བཞིན་ཡོད་འདུག གང་ལ་ཟེར་ན་རྒྱལ་ཁབ་དེའི་ནང་སྨན་བཅོས་ལྟ་སྐྱོང་གི་མཐུན་རྐྱེན་ཞན་པོ་དང་། མི་མང་ཚོར་སྔོན་འགོག་སྨན་ཁབ་བརྒྱབ་མེད་པ། མང་ཚོགས་ལ་ནད་དུག་བརྟག་དཔྱད་བྱེད་པའི་མཐུན་རྐྱེན་འཛོམས་པོ་མེད་པ་སོགས་ལ་བརྟེན་ནས། ནད་དུག་དེར་ཁ་གཏད་གང་འདྲ་གཅོག་མིན་དང་ཏོག་ནད་ཕོག་པའི་ནད་པའི་ཤི་གསོན་ཀྱི་གྲངས་ཐོ་དེ་དག་ལ་དོགས་པ་བྱེད་བཞིན་ཡོད་པ་མ་ཟད། འདས་པའི་ལོ་ངོ་གཉིས་ལྷག་གི་ནང་འཛམ་གླིང་ཡུལ་གྲུ་གང་སར་ཏོག་དབྱིབས་ཁྱབ་གདལ་བྱུང་བའི་གནས་ཚུལ་རིམ་པ་ཐོན་ཡོད་ཀྱང་། བྱང་ཀོ་རི་ཡ་གཞུང་ནས་ད་བར་མ་གཏོགས་རྒྱལ་ཁབ་དེའི་ནང་ཏོག་ནད་ཁྱབ་གདལ་བྱུང་བའི་གསལ་བསྒྲགས་བྱས་མེད་ཀྱང་རྒྱལ་ཁབ་དེའི་ནང་ཏོག་དབྱིབས་ནད་དུག་ནི་སྔོན་ཚུད་ནས་ཁྱབ་གདལ་སོང་ཡོད་སྐོར་དབྱེ་ཞིབ་པ་ཁག་ཅིག་གིས་བརྗོད་ཡོད་འདུག །

གསར་འགོད་པ། ཆོས་གྲགས།

 

 

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།