ཀོ་རི་ཡའི་གཙུག་ལག་སློབ་ཁང་དུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་འཆར་ཡོད་འདུག
ལྷོ་ཀོ་རི་ཡའི་རྒྱལ་ས་སཱེ་ཨོལ་ནང་རྟེན་གཞི་བྱས་པའི་ཀོ་རི་ཡ་གཙུག་ལག་སློབ་གཉེར་ཁང་དུ། ཕྱི་ལོ་༢༠༢༣ ལོའི་དཔྱིད་ཀའི་སློབ་དུས་གསར་པ་མགོ་འཛུགས་བྱེད་པའི་སྐབས་སུ། སློབ་གཉེར་ཁང་དེ་ཉིད་ཀྱི་ལོ་རྒྱུས་སྡེ་ཚན་ཁྱབ་ཁོངས་སུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་འཆར་ཡོད་འདུག་པ་དང་། དེ་ཡང་བོད་ཀྱི་སྐད་ཡིག་གི་རྨང་གཞི་དབྱངས་དང་གསལ་བྱེད་ནས་འགོ་འཛུགས་བྱས་ཏེ་སློབ་ཁྲིད་བྱེད་འཆར་ཡོད་འདུག
སློབ་གཉེར་ཁང་དེར་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་རྒྱུའི་ལས་གཞི་དེ། ཀོ་རི་ཡ་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སྡེ་ཚན་གྱི་སློབ་དཔོན་འབུམ་རམས་པ་ཧཱ་ནོང་ཀེམ་གྱིས་དྭང་དུ་བླངས་ཏེ་ངོ་སྤྲོད་དང་མགོ་འཛུགས་གནང་བ་ཞིག་ཡིན་འདུག
ཁོང་གིས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་གནང་དོན་ལ། ཀོ་རི་ཡ་གཙུག་ལག་སློབ་ཆེན་ནང་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་ལས་གཞི་ལག་བསྟར་ཡོང་བར་སེམས་ཤུགས་སྦྱིན་མཁན་གཙོ་བོ་དེ་སློབ་གཉེར་ཁང་དེ་ཉིད་ཀྱི་ལོ་རྒྱུས་སྡེ་ཚན་གྱི་སློབ་མ་རྣམས་ཡིན། ངས་སློབ་མ་ཚོར་བོད་ཀྱི་ལོ་རྒྱུས་དང་། རིག་གཞུང་སློབ་ཁྲིད་བྱེད་པའི་སྐབས། སློབ་མ་ཚོས་དོ་སྣང་ཧ་ཅང་ཡག་པོ་གནང་གི་ཡོད་པ་མྱོང་ཚོར་བྱུང་ལ། བོད་ཀྱི་སྐོར་སྔར་ལྷག་ཤེས་འདོད་ཡོད་མཁན་སློབ་མ་མང་པོ་ཞིག་འདུག་པས། དེ་ལྟར་ཡོང་བར། བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་དགོས་པ་སློབ་མ་ཚོས་རེ་འདུན་བཏོན་གནང་སོང་བས། ངས་སློབ་མ་ཚོའི་རེ་འདུན་གཞིར་བཟུང་འབྲེལ་ཡོད་འཛིན་སྐྱོང་ཚན་པའི་ལྷན་དུ་གོ་བསྡུར་ཞུས་པའི་རྗེས་འབྲས་སུ། ཕྱི་ལོ་༢༠༢༣ ལོའི་དཔྱིད་ཀར་སློབ་དུས་གསར་པ་མགོ་འཛུགས་གནང་བའི་སྐབས་དང་བསྟུན། བོད་ཀྱི་སྐད་ཡིག་བསླབ་སློབ་ཁྲིད་ལག་བསྟར་གནང་གི་རེད་ཅེས་འགྲེལ་བརྗོད་གནང་འདུག
སློབ་དཔོན་འབུམ་རམས་པ་ཧཱ་ནོང་ཀེམ་གྱིས་དེ་སྔོན་ཨ་རིའི་ནེའུ་ཡོག་ཏུ་ཆགས་པའི་ཁཱོ་ལོམ་བྷི་ཡ་གཙུག་ལག་སློབ་ཆེན་དུ་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་བཞིན་པའི་སྐབས། བོད་ཀྱི་སྐད་ཡིག་ལ་ཐོག་མ་སློབ་སྦྱོང་གནང་སྟེ། དེ་ནས་རིམ་པས་ཨ་རིའི་ཧར་ཝ་ཌི་གཙུག་ལག་སློབ་ཆེན་དུ་འབུམ་རམས་པའི་སློབ་གཉེར་གནང་བའི་སྐབས། དམིགས་བསལ་བོད་ཀྱི་ལོ་རྒྱུས་དང་སྐད་ཡིག རིག་གཞུང་སོགས་ལ་དོ་སྣང་དང་སློབ་སྦྱོང་གནང་ཡོད་འདུག
ཁོང་གིས་འབྱུང་འགྱུར་སློབ་ཆེན་དེའི་ནང་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་སློབ་དུས་དང་པོ་དེ་མཇུག་སྒྲིལ་པའི་སྐབས་སུ། སློབ་མ་ཚོས་བོད་ཡིག་ལྟ་ཀློག་ཐུབ་པ་དང་བོད་ཡིག་གི་ཚིག་གྲུབ་བཟོ་ཐུབ་པ་ཆགས་པའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད་ལ་། དེ་ནི་ངའི་དམིགས་ཡུལ་ཡང་ཡིན་ཞེས་འགྲེལ་བརྗོད་གནང་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།