ཀོ་རི་ཡའི་དགེ་སློང་ཞིག་གིས་༧གོང་ས་མཆོག་ཕྱིར་བོད་དུ་ཕེབས་དགོས་པའི་འབོད་སྐུལ་བསྐྱར་གླེང་།
ཟླ་འདིའི་ཚེས་༡༧ ཉིན་ཀོ་རི་ཡའི་དུས་བབ་གསར་ཁང་གི་དྲྭ་བའི་ཐོག ཀོ་རི་ཡའི་ནང་པའི་དགེ་སློང་ཞིག་གིས་འདི་ལོའི་ཕྱི་ཟླ་༣ ནང་༧གོང་ས་མཆོག་ལ་བོད་དུ་ལོག་ཕེབས་གནང་དགོས་པའི་ཞུ་འཕྲིན་ཞིག་ཕུལ་བ་དང་། དེ་ནས་ཉེ་ཆར་གསར་ཁང་དེའི་གསར་འགོད་པས་དགེ་སློང་ཁོང་ལ་བཅར་འདྲི་ཞུས་པ་འཁོད་པའི་ནང་དོན་མདོར་བསྡུས་རྣམས་བོད་བསྒྱུར་ཞུས་ནས་གཤམ་དུ་བཀོད་ཡོད།
ཟླ་འདིའི་ཚེས་༡༧ ཉིན་ཀོ་རི་ཡའི་དུས་བབ་གསར་ཁང་གི་དྲྭ་བའི་ཐོག ཀོ་རི་ཡའི་ནང་པའི་དགེ་སློང་ཞིག་གིས་འདི་ལོའི་ཕྱི་ཟླ་༣ ནང་༧གོང་ས་མཆོག་ལ་བོད་དུ་ལོག་ཕེབས་གནང་དགོས་པའི་ཞུ་འཕྲིན་ཞིག་ཕུལ་བ་དང་། དེ་ནས་ཉེ་ཆར་གསར་ཁང་དེའི་གསར་འགོད་པས་དགེ་སློང་ཁོང་ལ་བཅར་འདྲི་ཞུས་པ་འཁོད་པའི་ནང་དོན་མདོར་བསྡུས་རྣམས་བོད་བསྒྱུར་ཞུས་ནས་གཤམ་དུ་བཀོད་ཡོད།
སྐུ་ན་བགྲེས་པའི་༧ཏཱ་ལའི་བླ་མ་མཆོག་སྙུང་གཞི་སྣ་ཚོགས་ཀྱི་དབང་གིས་སྨན་བཅོས་མཛད་བཞིན་པའི་གནས་ཚུལ་བྱུང་བས། གུས་བཀུར་ཆེན་པོ་ཞུ་སའི་ཀོ་རི་ཡའི་ནང་པའི་དགེ་སློང་ཞིག་གིས་བོད་ཀྱི་བླ་ཆེན་ཁོང་ལ་ལོ་ངོ་དྲུག་ཅུའི་བཙན་བྱོལ་གྱི་འཚོ་བར་རྫོགས་ཚིག་བཀོད་དེ་རྒྱ་ནག་གི་དབང་སྒྱུར་འོག་གནས་པའི་བོད་ཀྱི་ཁྱིམ་གཞི་རྙིང་པར་ལོག་ཕེབས་གནང་དགོས་པའི་རེ་སྐུལ་ཞུས་འདུག
ཉི་ཧོང་བཙན་རྒྱལ་རིང་ལུགས་ཀྱིས་ཀོ་རི་ཡ་དབང་སྒྱུར་བྱེད་པའི་སྐབས་ཀོ་རི་ཡའི་རང་བཙན་འཐབ་རྩོད་པ་ཚོའི་རྟེན་གཞིར་གྱུར་བའི་དྷོ་གྷ་སི་དགོན་པའི (Daegaksa Temple) དགེ་སློང་དྷོན་བྷོན (Dongbong) གྱིས་༧ཏཱ་ལའི་བླ་མ་མཆོག་ལ་སྤྲེངས་པའི་ཡི་གེའི་ནང་འདི་ལྟར་བྲིས་ཡོད་དེ། “སངས་རྒྱས་ཀྱིས་བསྟན་པ་ལྟར། ཚེ་འདིའི་ཞེན་ཆགས་ཡོངས་སུ་སྤངས་ནས་ཕྱིར་ཕ་ཡུལ་བོད་དུ་ལོག་ཕེབས་རོགས། བོད་མི་ཚོ་དང་ལྷན་དུ་བཞུགས་རྒྱུ་ནི་ཁྱེད་ཀྱིས་སྐུ་ཚེའི་འཕེན་པ་མ་རྫོགས་བར་གནང་དགོས་པ་ཞིག་རེད། ཁྱེད་ལ་མཚོན་ན་འདི་ནི་ལས་དོན་ཆུང་དྲགས་པ་ཞིག་མངོན་ཡང་གནང་དགོས་པ་ཞིག་རེད། བཙན་བྱོལ་དུ་མི་མང་ས་ཡ་མང་པོའི་མདུན་དུ་གསུང་བཤད་གནང་བ་ལས་འདི་མཛེས་སྡུག་ལྡན་པ་དང་ཁྱད་དུ་འཕགས་པ་ཞིག་ཡིན།”
ཉེ་ཆར་ཀོ་རི་ཡ་དུས་བབ་ཀྱིས་རྒྱལ་ས་སོ་ལི (Seoul) ན་ཆགས་པའི་དྷོ་གྷ་སི་དགོན་པར་ཁོང་ལ་བཅར་འདྲི་ཞུས་པའི་ནང་། ནང་པའི་དགེ་སློང་ཁོང་གིས་”༧ཏཱ་ལའི་བླ་མ་མཆོག་སྐུ་ན་བགྲེས་བཞིན་ཡོད། གལ་སྲིད་ཁོང་སོ་སོའི་མི་མང་གི་སར་ལོག་མ་ཐུབ་པ་དང་། ཁོ་ཚོའི་ལག་པར་ཕྱག་གིས་འཆངས་མ་ཐུབ་པར་ཕ་ཡུལ་བོད་ཀྱི་ཕྱི་རུ་སྐུ་གཤེགས་པ་ཡིན་ན། དེ་ནི་ཆོས་ལུགས་ཀྱི་རླབས་ཆེན་མི་སྣ་ཞིག་སྐུ་གཤེགས་པ་ཙམ་ལས་གང་ཡང་མ་ཡིན། དེས་བོད་ཀྱི་རང་བཙན་འཐབ་རྩོད་ཀྱི་ལོ་རྒྱུས་ལ་དམིགས་བསལ་ཕན་ཐོགས་གང་ཡང་ཡོད་མི་སྲིད”ཅེས་བརྗོད་འདུག
དགུང་ལོ་༦༦ ལ་ཕེབས་པའི་དགེ་སློང་ཁོང་ཕྱི་ལོ་༡༩༧༥ ལོར་ནང་པའི་དགེ་སློང་བསྒྲུབས་ཤིང་། ཕྱི་ལོ་ ༢༠༠༤ ལོར་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཐྲན་ཛི་ནི་ཡ (Tanzania) ལ་གཟིགས་སྐོར་དུ་ཕེབས་རྗེས། ཡུལ་དེར་ལོ་བཞི་དང་ཕྱེད་རིང་བཞུགས་ནས་མ་དངུལ་འཚོལ་སྒྲུབ་ཀྱིས་དེ་གའི་མི་མང་ཚོར་དུག་སྦྲང་འགོས་ནད་མཱ་ལ་རི་ཡ (Malaria) ལ་འགོག་རོགས་གནང་ཡོད་པ་མ་ཟད། ཁོང་རང་ཉིད་ཀྱི་མ་དངུལ་བཏང་ནས་ཉོས་པའི་ས་ཆ་ཨེ་ཀར་༣༥ ཞིང་ལས་སློབ་གྲྭ་ཞིག་འཛུགས་སར་ཞལ་འདེབས་ཕུལ་བ་དང་། ཞིང་ལས་སློབ་གྲྭ་དེ་ཕྱི་ལོ་༢༠༡༦ ལོར་དངོས་སུ་དབུ་བརྙེས་ཡོད།
དགེ་སློང་ཁོང་གིས་བརྗོད་པར། “༧ཏཱ་ལའི་བླ་མ་མཆོག་གིས་ཁོང་ཉིད་ཀྱི་སྐུ་ཚེའི་ཉེན་ཁར་མི་འཛེམས་པར་བཙན་བྱོལ་བཞག་ནས་ཕྱིར་ཕ་ཡུལ་དུ་ཕེབས་དགོས། གལ་སྲིད་རྒྱ་གཞུང་གི་བཀག་འགོག་ལ་བརྟེན་ནས་ལོག་ཕེབས་དེ་ལེགས་གྲུབ་མ་བྱུང་བའམ། ཡང་ན་འབད་བརྩོན་སྐབས་སྐུ་ཚེ་མ་ཟིན་པ་བྱུང་རུང་། ཁོང་ཕྱིར་སོ་སོའི་མི་མང་གི་སར་ལོག་ཐབས་གནང་བ་དེ་བོད་ཀྱི་རང་བཙན་འཐབ་རྩོད་ཀྱི་སྐུལ་ཤུགས་ཆེ་ཤོས་སུ་འགྱུར་ངེས་རེད། དེ་ལྟར་མ་བྱུང་ན། བོད་མི་ཚོས་དུས་ཡུན་རིང་བའི་བོད་ཀྱི་རང་བཙན་འཐབ་རྩོད་ལ་མཁོ་བའི་ནུས་ཤུགས་ཆེན་པོ་ཞིག་རྙེད་ཐུབ་ཀྱི་མ་རེད།”
ཕྱི་ལོ་༡༩༥༩ ལོར་བོད་ཀྱིས་རྒྱ་ནག་ལ་ངོ་རྒོལ་གྱེན་ལངས་བྱས་པ་དེ་ལེགས་གྲུབ་མ་བྱུང་བ་ནས་བཟུང་སྟེ།འདས་པའི་ལོ་ངོ་༦༠ རིང་དགུང་གྲངས་༨༣ ལ་ཕེབས་པའི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རྒྱ་གར་རྡ་རམ་ས་ལར་བཙན་བྱོལ་དུ་བཞུགས་ཡོད། ཕྱི་ལོ་༡༩༥༠ ནང་རྒྱ་ནག་གིས་བོད་རྒྱ་ནག་གི་མངའ་འོག་བསྡུས་པ་དང་། རྒྱ་ནག་གི་མཆོང་བསྐྱོད་ཆེན་མོའི་ལས་འགུལ་ཁྲོད་བོད་མི་༢༠༠,༠༠༠ ནས་༡,༠༠༠,༠༠༠ ཙམ་ཤི་བ་དང་། རིག་གནས་གསར་བརྗེའི་སྐབས་དགོན་སྡེ་༦༠༠༠ ཡས་མས་ཤིག་གཏོར་སྐྱོན་བཏང་ཡོད།
༧ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་གིས་སྐྱབས་བཅོལ་བའི་ངོ་བོའི་ཐོག་ནས་ཞི་བདེའི་ལམ་སྣ་འདྲེན་བཞིན་ཡོད་ལ། ཁོང་གིས་སྐུ་ཚེ་ཧྲིལ་པོ་བོད་ཀྱི་ཆེས་མཐོའི་རང་སྲིད་རང་སྐྱོང་ངམ། རང་བཙན་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་འཚོལ་ཐབས་ཐོག་བཏང་ཡོད་ཅིང་། ཕྱི་ལོ ༡༩༨༩ ལོར་ཁོང་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད།
ཁོང་གིས་འཛམ་གླིང་ཡུལ་གྲུ་གང་སའི་དད་ལྡན་པ་ཚོ་དང་ལྷན་དུ་བགྲོ་གླེང་དང་། ཚོགས་འདུ། གསུང་མོལ་བཅས་གནང་ནས་རླབས་ཆེ་བའི་བཀའ་ཆོས་གནང་གི་ཡོད་ཀྱང་། ཀོ་རི་ཡའི་དགེ་སློང་དྷོན་བྷོན་གྱིས་དེ་ནི་ནང་པའི་བླ་མ་གཞན་དག་གིས་མཛད་ཐུབ་པ་ཞིག་ཡིན་སྐོར་བརྗོད་པ་མ་ཟད། ད་རུང་ཁོང་གིས་“རྒྱལ་ཁབ་དང་མི་མང་ཡོད་ན། ད་གཟོད་གཞི་ནས་ནང་པ་ཡོད། གལ་སྲིད་རྒྱལ་ཁབ་དང་མི་མང་མེད་པ་ཡིན་ན། རླབས་ཆེ་བའི་ནང་པའི་བསྟན་པ་ལ་དོན་སྙིང་ཅི་ཞིག་ཡོད་དམ། རླབས་ཆེ་བའི་དབུ་ཁྲིད་ཁོང་ཕྱིར་ལོག་དགོས་ལ། སོ་སོའི་མི་མང་ཚོའི་འཁྲིས་སུ་ཕེབས་ནས་ཁོ་ཚོའི་མནར་གཅོད་ཕོག་མའི་སེམས་པར་ཐུགས་བརྩེས་འཁྱུད་དགོས་”ཞེས་ནན་བརྗོད་བྱས་ཡོད།
ཁོང་བཙན་བྱོལ་ལ་ཕེབས་ནས་ལོ་ངོ་དྲུག་ཅུ་ཕྱིན་པའི་རྗེས་ཀྱི་ལོ་འདིར། བོད་མི་ཚོ་༧ཏཱ་ལའི་བླ་མ་མཆོག་སྐུ་གཤེགས་པའི་རྗེས་ཀྱི་གནས་སྟངས་ལ་སེམས་ཁྲལ་ཡོང་གི་ཡོད། ༧ཏཱ་ལའི་བླ་མ་མཆོག་ནས་ཀྱང་རྒྱ་ནག་སྲིད་གཞུང་གིས་ཡང་སྲིད་འཚོལ་འདེམས་ལ་གཡོ་བྱུས་འཁྲབ་སྟེ་པེ་ཅིང་སྲིད་གཞུང་ལ་དགོས་པའི་ཡང་སྲིད་འཚོལ་འདེམས་བྱ་སྲིད་པའི་ཐུགས་ཁྲལ་ཡོད་ཚུལ་གསུངས་ཡོད།
དགེ་སློང་དྷོན་བྷོན་གྱིས་དགེ་སློང་ཡོན་སོན (Yongseong —ཁོང་ནི་ཕྱི་ལོ་༡༩༡༡ ལོར་དྷོ་གྷ་སི་དགོན་པ་ཕྱག་འདེབས་མཁན་དང་། ཀོ་རི་ཡའི་རང་བཙན་ལས་འགུལ་ཁྲོད་རང་སྲོག་བློས་གཏོང་བྱེད་མཁན་གྱི་དགེ་སློང་དེ་ཡིན།) ཡང་རླབས་ཆེན་གྱི་མི་སྣ་ཞིག་ཏུ་བཀུར་ཆོག་ཅིང་། དེའི་རྒྱུ་མཚན་ནི་ཁོང་མི་མང་ལ་ཐུགས་བརྩེ་ཤིན་ཏུ་ཆེ་བས་ཡིན་ཚུལ་བརྗོད་ཡོད་དེ། “གལ་སྲིད་ཁོང་དགོན་པའི་ནང་དུ་བཞུགས་ནས་ནང་ཆོས་འབའ་ཞིག་ལ་གཞོལ་བ་ཡིན་ན། ཁོང་ད་ལྟ་ང་ཚོས་དྲན་གསོ་ཞུ་བའི་རྒྱལ་གཅེས་དཔའ་བོ་ཞིག་ཆགས་ཡོད་མི་སྲིད། ཁོང་གིས་མི་མང་དང་རྒྱལ་ཁབ་ཀྱི་རང་བཙན་ཆེད་དུ་བློས་གཏོང་གནང་བའི་མཛད་རྗེས་རླབས་པོ་ཆེ་དག་ལ་བརྟེན་ནས། ཁོང་གུས་བཀུར་ཞུ་སའི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ལས་བརྒལ་ནས་རླབས་ཆེན་གྱི་མི་སྣ་ཞིག་ཏུ་གྱུར་བ་རེད།”
དགེ་སློང་དྷོན་བྷོན་གྱིས་༧ཏཱ་ལའི་བླ་མ་མཆོག་ལ་ཕུལ་བའི་ཡི་གེའི་ནང་། ཁོང་གིས་ད་དུང་འདི་ལྟར་བྲས་ཡོད་དེ། “བོད་ཀྱི་ས་མཚམས་མ་བརྒལ་སྔོན་དུ་བསམ་ཡུལ་ལས་འདས་པའི་ཆག་སྒོ་ཡོང་སྲིད། འོན་ཀྱང་ཞེན་ཆགས་ཡོད་ཚད་སྤང་བར་མཁྱེན། རྟགས་མཚན་བཟང་པོས་སྟོན་པ་ལྟར། ཆག་སྒོ་དེ་ཡང་ཁྱེད་ཀྱི་གཟི་བརྗིད་དུ་འགྱུར་ཆོག བོད་མི་མང་གི་ཆེད་དུ་ཁྱེད་ཀྱི་རང་དབང་བློས་གཏོང་གནང་རོགས། བོད་དང་འབྲེལ་བའི་ཐོག་ནས་ཞུས་ན། ཁྱེད་ནི་བོད་ཀྱི་སྲོག་དང་རྣམ་ཤེས་ཡིན། གལ་སྲིད་ཁྱེད་བོད་ཀྱི་ཆེད་དུ་སྐུ་གཤེགས་པ་ཡིན་ན། བོད་མི་ཚོས་ཁྱེད་གཏན་དུ་དྲན་གསོ་བཀའ་དྲིན་ཞུ་ངེས། ཁྱེད་ཀྱིས་བོད་ཀྱི་དོན་དུ་སྐུ་སྲོག་གཏོང་བའི་སྐབས་དེར། ཁྱེད་ནི་ཁྱེད་ཀྱི་ཐུགས་བརྩེའི་མི་མང་ཚོའི་སེམས་ཁོངས་ཀྱི་མེ་ཏོག་པདྨ་ལྟར་འགྱུར་ངེས།”
གསར་འགོད་པ་དཀོན་མཆོག་རབ་བརྟན།