ཀོལ་ཀ་ཏར་སྨན་པ་བུ་མོ་ཞིག་གཙན་གཡེམ་དང་དམར་གསོད་བཏང་རྐྱེན་རྒྱ་གར་རྒྱལ་ཡོངས་ཀྱི་སྨན་པ་ཚོས་ངོ་རྒོལ་ཤུགས་ཆེར་བྱས།
ཟླ་འདིའི་ཚེས་༡༤ ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་རྒྱ་གར་གྱི་གྲོང་ཁྱེར་ཀོལ་ཀ་ཏའི་ནང་སྨན་པ་སྦྱོང་བརྡར་བྱེད་མཁན་བུ་མོ་ཞིག་ལ་བཙན་གཡེམ་དང་དམར་གསོད་བྱས་པར་རྒྱ་གར་རྒྱལ་ཡོངས་ཀྱི་སྨན་པ་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་འདུག
ཟླ་འདིའི་ཚེས་༩ ་ཉིན་ལོ་ན་༣༡ ཅན་གྱི་སྨན་པའི་སྦྱོང་བརྡར་བ་བུ་མོ་ཞིག་གི་རོ་ཀོལ་ཀ་ཏའི་ཨར་ཇི་ཀར་(RG Kar) ་སྨན་པའི་སློབ་གྲྭ་དང་སྨན་ཁང་གི་ནང་ནས་རྙེད་ཅིང་། རོ་དཔྱད་པ་ཚོས་མོ་རང་དམར་གསོད་མ་བཏང་གོང་དུ་བཙན་གཡེམ་བྱས་པ་ར་སྤྲོད་བྱུང་ཡོད་འདུག་པ་དང་། གནས་ཚུལ་དེ་ལྷག་པའི་རྗེས་སུ་གནས་ཚུལ་དེ་དང་འབྲེལ་བའི་དང་བླང་ཉེན་རྟོག་པ་ཞིག་འཛིན་བཟུང་བྱས་ཡོད་འདུག
ཟླ་འདིའི་ཚེས་༡༢ ་ཉིན་རྒྱ་གར་རྒྱལ་ཡོངས་ཀྱི་སྨན་པ་སྟོང་ཕྲག་མང་པོས་ནུབ་བྷང་གྷལ་མངའ་སྡེའི་རྒྱལ་ས་དང་མངའ་སྡེ་གཞན་ཁག་ཏུ་ཁྲོམ་སྐོར་བྱས་ནས་གཞུང་གི་སྨན་ཁང་ཞིག་ཏུ་བྱུང་བའི་དམར་གསོད་ཀྱི་དོན་རྐྱེན་དེར་ངོ་རྒོལ་བྱས་པ་མ་ཟད། དམར་གསོད་བྱེད་མཁན་ལ་ཁྲིམས་ཐོག་ནས་ཉེས་ཆད་གཅོད་དགོས་པ་དང་། སྨན་པ་ཚོའི་བདེ་འཇགས་དང་སྲུང་སྐྱོབ་ཀྱི་ཐབས་ལམ་ཡར་རྒྱས་གཏོང་དགོས་པའི་རེ་འདུན་བཏོན་ཡོད་འདུག
ཟླ་འདིའི་ཚེས་༡༣ ་ཉིན་མ་ཧ་ར་ཤི་ཏར་(Maharashtra) ་མངའ་སྡེའི་ནུབ་ཕྱོགས་སུ་གཞུང་གི་སྨན་པ་༨༠༠༠ ལྷག་གིས་ཛ་དྲག་གི་ཞབས་ཞུ་བ་མ་གཏོགས་སྨན་ཁང་གི་སྡེ་ཚན་ཡོངས་རྫོགས་ཀྱིས་ལས་ཀ་མཚམས་འཇོག་བྱས་ཡོད་འདུག
ས་གནས་ཉེན་རྟོག་པའི་རྟོག་ཞིབ་ལ་གྲུབ་འབྲས་གལ་ཆེན་གང་ཡང་མ་བྱུང་བར་བརྟེན། ཁ་སང་རེས་གཟའ་མིག་དམར་ཉིན་ཀོལ་ཀ་ཏའི་ཆེས་མཐོའི་ཁྲིམས་ཁང་གིས་གནད་དོན་དེ་རྒྱ་གར་དབུས་རྟོག་ཞིབ་ལས་ཁུངས་སི་བྷི་ཨའི་(CBI) ་ལ་རྩིས་སྤྲོད་བྱེད་རྒྱུའི་ཐག་གཅོད་བྱས་ཡོད་འདུག
དེ་རིང་རེས་གཟའ་ལྷག་པའི་ཉིན། དབུས་རྟོག་ཞིབ་ལས་ཁུངས་སི་བྷི་ཨའི་(CBI) ཀྱི་ཆེད་ལས་རུ་ཁག་དང་མཉམ་དུ་རོ་དཔྱད་པ་དང་། ཆེད་ལས་སྨན་པ་ཁག་ཅིག་བཙན་གཡེམ་དང་དམར་གསོད་ཀྱི་དོན་རྐྱེན་ལ་རྟོག་ཞིབ་ཆེད་ཀོལ་ཀ་ཏ་ལ་འབྱོར་ཡོད་འདུག
གནས་ཚུལ་དེ་དང་པོ་བདུན་ཕྲག་སྔོན་མའི་རེས་གཟའ་ཕུར་བུའི་མཚན་ལ་ལྷག་ཡོད་འདུག་ཅིང་། དེ་ཡང་སྨན་པ་བུ་མོ་དེ་རེས་གཟའ་ཕུར་བུའི་མཚན་མོར་སྨན་ཁང་དུ་ལས་ཀ་བྱེད་མཁན་ཁེལ་ཡོད་པ་དང་། ཞོགས་པའི་ཆུ་ཚོད་གཉིས་པར་ཁོང་མོའི་ལས་ཀ་ཚར་རྗེས། སྨན་པ་གཞོན་པ་གཞན་དག་དང་མཉམ་དུ་ཟ་མ་བཟས་ཡོད་འདུག། དེ་ནས་ཁོང་མོ་ཐོག་བརྩེགས་བཞིའི་ཐོག་ཡོད་པའི་ཛ་དྲག་སྡེ་ཚན་གྱི་ཚོགས་ཁང་དུ་ངལ་གསོ་རྒྱག་པར་ཕྱིན་ཡོད་འདུག
རེས་གཟའ་པ་སངས་ཀྱི་ཞོགས་པར་བུ་མོ་དེའི་ཕུང་པོ་ཚོགས་ཁང་དེ་རང་ནས་རྙེད་ཅིང་། རོ་དཔྱད་སྨན་པས་བརྟག་དཔྱད་བྱས་པའི་སྙན་ཐོའི་ནང་ཁོང་མོ་ལ་བཙན་གཡེམ་བྱས་ཡོད་པ་དང་ཁ་དང་མིག་ནས་ཁྲག་ཐོན་ཡོད་པར་བཀོད་ཡོད་འདུག ཁོང་མོའི་གདོང་པར་སེན་མོའི་རྗེས་ཤུལ་ཡོད་པ་དང་། སྐེ་དང་གྲོད་ཁོག་བཅས་ལ་རྨས་སྐྱོན་ཕོག་ཡོད་པ། རྐང་ལག་དང་མཛུབ་མོར་སྔོ་གཟན་ཤོར་བའི་རྗེས་ཤུལ་ཡོད་འདུག གནས་ཚུལ་དེའི་དབང་གིས་རྒྱ་གར་རྒྱལ་ཡོངས་སུ་སྨན་པ་དང་སྨན་པའི་སློབ་ཕྲུག་ཚོས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།