ཀྱག་ཀྱོག་གི་མང་གཙོའི་ལམ་བུ།

ལོ་འདིར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རྩོད་རྙོག་མང་དག་ཅིག་བྱུང་ཡོད་པ་དང་། ཕྱོགས་གཅིག་ནས་བལྟས་ན་རྩོད་རྙོག་འདི་ལྟ་བུ་བརྒྱུད་ནས་སྤྱི་ཚོགས་དང་སྒྲིག་འཛུགས་ཁ་འཐོར་དུ་འགྲོ་སྲིད་པའི་དོགས་པ་ཞིག་དང་།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༦༣  ཕྱི་ལོ་ ༢༠༢༡/༡༠/༦

ལོ་འདིར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རྩོད་རྙོག་མང་དག་ཅིག་བྱུང་ཡོད་པ་དང་། ཕྱོགས་གཅིག་ནས་བལྟས་ན་རྩོད་རྙོག་འདི་ལྟ་བུ་བརྒྱུད་ནས་སྤྱི་ཚོགས་དང་སྒྲིག་འཛུགས་ཁ་འཐོར་དུ་འགྲོ་སྲིད་པའི་དོགས་པ་ཞིག་དང་། ཕྱོགས་གཞན་ཞིག་ནས་བལྟས་ན་ཀྱག་ཀྱོག་དང་རྩོད་རྙོག་གི་ལམ་བུ་འདི་ལྟ་བུ་བརྒྱུད་ནས་ལེགས་བཅོས་དང་ཡར་རྒྱས་ཀྱི་ཁ་ཕྱོགས་ཤིག་ཏུ་བསྒྱུར་ཐུབ་ན། མང་གཙོའི་སྦྱོང་བརྡར་དང་ཉམས་མྱོང་ངོ་མ་ཞིག་ཏུ་འགྱུར་ངེས། རྩོད་པ་བརྒྱབ་བརྒྱབ་པའི་མཐའ་མ་འབབ་ས་གཅིག་གི་སྒང་ལ་འབབ་ཐུབ་པ་ཡིན་ན་རྩོད་པ་དེ་དག་ཀྱང་ལེགས་ཆ་ཞིག་ཏུ་འགྱུར་འགྲོ་བ་ཆོས་ཉིད་རེད། བསམ་ཚུལ་མི་མཐུན་པ་ལ་བརྟེན་ནས་རྩོད་རྙོག་འབྱུང་བ་ནི་ཆབ་སྲིད་ཀྱི་ཁོར་ཡུག་གཅིག་པུ་མ་ཡིན་པར། ཆོས་ཀྱི་སྒྲིག་འཛུགས་ཁག་ཏུའང་ཡོང་གི་ཡོད་ལ། དཔེར་ན་སྟོན་པ་སངས་རྒྱས་ཞལ་བཞུགས་སྐབས་དགེ་འདུན་པ་རྣམས་བསམ་ཚུལ་མི་མཐུན་པ་བྱུང་སྟེ། སྡེ་ཁག་གཉིས་སུ་གྱེས་པའི་ལོ་རྒྱུས་ཡོད་པ་བཞིན་ཆོས་ལུགས་གཞན་ལ་དེ་བས་ཀྱང་རྩོད་པ་ཆེན་པོ་བྱུང་བའི་ལོ་རྒྱུས་ཡོད།

ཆབ་སྲིད་ཀྱི་ཁོར་ཡུག་ནང་དེ་བས་ཀྱང་རྩོད་པ་ཡོང་སྲིད་པ་ནི་འགྲོ་སྟངས་ལྟ་བུར་གྱུར་ཡོད་ནའང་། བཙན་བྱོལ་བོད་མི་རྣམས་ལ་༧གོང་ས་མཆོག་ལྟ་བུ་ཞི་བདེ་དང་བྱམས་བརྩེའི་བདག་ཉིད་ཅན་གྱི་དབུ་འཁྲིད་ཅིག་ཡོད་བཞིན་དུ་འདིའི་ལྟ་བུའི་རྩོད་རྙོག་ཅིག་བྱུང་བ་ནི། ཆབ་སྲིད་ཀྱི་སྣེ་མོ་བ་རྣམས་ལ་མཚོན་ན་ངོ་གནོང་དགོས་པ་ཞིག་རེད། འོན་ཀྱང་ད་ལན་ནང་ཁུལ་ཚོགས་འདུ་འདི་བརྒྱུད་ནས་མཐའ་མ་ཚོགས་གཙོ་ཚོགས་གཞོན་འོས་འདེམས་དང་སྤྱི་འཐུས་ལྷན་ཚོགས་འཚོགས་ཐུབ་པ་ཞིག་བྱུང་ན། ད་ལོའི་དཀའ་རྙོག་འདི་ལ་བརྟེན་ནས་ཁྲིམས་སྒྲིག་གི་སྟོང་ཆ་ཁག་ཁ་སྐོང་བྱེད་ཐུབ་པ་དང་། མ་འོངས་པར་དེ་ལྟར་མི་འབྱུང་ཆེད་སྔོན་ཚུད་ནས་གྲ་སྒྲིག་འཐུས་ཚང་ཞིག་བྱ་རྒྱུའི་གོ་སྐབས་ཀྱང་ཡོད། འཛམ་གླིང་ཤར་ནུབ་ཀྱི་མང་གཙོའི་ཡུལ་གྲུ་ཁག་ཏུ་རྩོད་རྙོག་འདི་ལྟ་བུ་དང་། འདི་ལས་ལྷག་པའི་འཁྲུག་རྩོད་མང་པོ་བྱུང་མྱོང་ཡོད་ལ། དེ་ལ་བརྟེན་ནས་རྒྱལ་ཁབ་འཐོར་ཞིག་ཏུ་སོང་བའི་ལོ་རྒྱུས་མང་པོ་ཡོད་ཅིང་། མང་གཙོའི་སྤྱི་ཚོགས་ནང་ལྟ་ཚུལ་མི་མཐུན་པ་དང་དེ་ལ་བརྟེན་ནས་རྩོད་རྙོག་ཡོང་བ་ནི་རྩ་བའི་ཆ་ནས་ཆོས་ཉིད་རེད།

བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན་༧གོང་ས་མཆོག་གི་ཐུགས་རྗེའི་བདག་རྐྱེན་ལ་བརྟེན་ནས་མང་གཙོའི་ཀ་བ་གསུམ་ཚང་བའི་སྲིད་གཞུང་ཞིག་ཡོད་ནའང་། རང་ས་ལག་མཐིལ་ཙམ་མེད་པར་མིའི་ལུང་པར་སྐྱབས་བཅོལ་དུ་གནས་ཡོད་པའི་སྒྲིག་འཛུགས་ཤིག་ཡིན་པ་མ་ཟད། བཙན་བྱོལ་བོད་མི་རྣམས་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཀུན་ལ་ཁ་འཐོར་དུ་གནས་ཡོད་པས། རང་བཙན་དང་རང་ས་ཡོད་པའི་མང་གཙོ་ཅན་གྱི་རྒྱལ་ཁབ་ཁག་གིས་བྱེད་སྟངས་ལྟར་བྱས་ནས། སྟག་མཆོངས་སར་ཝ་མཆོངས་མི་ཐུབ་པའི་དཔེ་བཞིན་ད་ལན་གནད་དོན་འདི་ལྟ་བུ་མུ་མཐུད་བྱུང་ན་མ་འོངས་པར་བོད་མིའི་སྒྲིག་འཛུགས་འཐོར་ཞིག་ཏུ་འགྲོ་སྲིད་པ་རེད། དེར་བརྟེན་འཐབ་རྩོད་དང་ལས་འགུལ་གྱི་སྒྲིག་འཛུགས་ཤིག་ལ་མཚོན་ན་ནང་ཁུལ་གྱི་མཐུན་ལམ་གལ་འགངས་ཆེ་ཤོས་སུ་གྱུར་ཡོད། མ་འོངས་པར་གནད་དོན་འདི་ལྟ་བུ་མི་འབྱུང་ཆེད་ཁྲིམས་སྒྲིག་གི་ཐོག་ནས་དང་། སྤྱི་ཚོགས་རང་གི་ཐོག་ནས་གནད་དོན་མང་པོ་ཞིག་ལ་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་ཆགས་ཡོད།

ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་དཀའ་རྙོག་འཕྲད་ནའང་། མཐའ་མ་༧གོང་ས་མཆོག་གིས་ལམ་སྟོན་ཞིག་མཛད་ན་དཀའ་ངལ་དེ་སེལ་མི་ཐུབ་པའི་དཀའ་ངལ་གང་ཡང་མེད་ཀྱང་། དཀའ་རྙོག་རེ་རེ་འཕྲད་རིམ་བཞིན་མ་འོངས་པར་དེ་ལྟ་བུའི་དཀའ་ངལ་འཕྲད་ཚེ་གདོང་ལེན་བྱེད་སྟངས་ཀྱི་ཐབས་ལམ་འདི་དང་འདི་ཞེས་གྲ་སྒྲིག་བྱེད་མ་ཐུབ་ན། བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་དཀའ་ངལ་ཆུང་ངུ་རེ་ལ་བརྟེན་ནས་འཐོར་ཞིག་ཏུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད། དེར་བརྟེན་ད་ལྟའི་དཀའ་ངལ་དང་རྩོད་རྙོག་དེ་དག་མ་འོངས་པར་སྔོན་འགོག་གི་ཐབས་ལམ་ཞིག་ཏུ་འགྱུར་དགོས་ལ། ཕྱོགས་གང་ས་ནས་གྲ་སྒྲིག་འཐུས་ཚང་ཞིག་བྱེད་མ་ཐུབ་ན་དཀའ་ངལ་ངོ་མ་དེ་མ་འོངས་པར་འཕྲད་ངེས་པ་རེད། བོད་མིའི་སྒྲིག་འཛུགས་འཐོར་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁ་གཙོ་བོ་དེ་ཡང་ཕྱི་ནས་མ་ཡིན་པར་ནང་ནས་འཕྲད་སྲིད་པ་ལས། ཕྱི་ནས་གནོན་ཤུགས་ཙམ་ལ་བརྟེན་ནས་སྒྲིག་འཛུགས་འདི་གཏན་ནས་གནས་མི་ཐུབ་པ་ཞིག་ཡོང་རྒྱུའི་སེམས་འཚབ་བྱེད་དགོས་པ་ཞིག་མ་རེད།

མདོར་ན་མང་གཙོ་ཅན་གྱི་སྤྱི་ཚོགས་ཡིན་པས་བསམ་ཚུལ་མི་འདྲ་བ་གང་ཡོད་པ་བཤད་རྒྱུའི་རང་དབང་ཡོད་པ་དང་། དེ་ལ་བརྟེན་ནས་ཕན་ཚུན་བསམ་ཚུལ་དང་ལངས་ཕྱོགས་མི་འདྲ་བའང་མང་པོ་ཡོང་གི་ཡོད། རྒྱ་ནག་དང་། བྱང་ཀོ་རི་ཡ་ལྟ་བུ་ལ་མཚོན་ན་རྒྱ་ཆེའི་མི་མང་གི་ངོས་ནས་རང་ཉིད་ལ་བསམ་ཚུལ་གང་ཡོད་པ་དེ་བརྗོད་རྒྱུའི་ཁོར་ཡུག་དང་རང་དབང་གཏན་ནས་མེད་པས། ཟས་གོས་གནས་མལ་དང་འཚོ་ཐབས་ཀྱི་ཆེད་ཙམ་ལས། རྒྱལ་ཁབ་ཀྱི་སྤྱི་དོན་དང་། རྒྱལ་ཁབ་ཀྱི་སྲིད་བྱུས་སོགས་ལ་བསམ་ཚུལ་འདོན་ཐུབ་མཁན་གྱི་མི་སྣ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་བཙོན་ཁང་དུ་འཇུག་པ་དང་། དམར་གསོད་གཏོང་བ་སོགས་བཙན་གྱིས་མི་མང་གིས་ཁ་འགོག་ཐབས་བྱེད་བཞིན་ཡོད་པས། སྲིད་གཞུང་དང་མི་མང་དབར་དབང་ཆ་དང་ཐོབ་ཐང་གི་འབྲེལ་བ་གཏན་ནས་མེད་པ་ལྟ་བུ་རེད། བཙན་བྱོལ་བོད་པའི་སྤྱི་ཚོགས་མང་གཙོའི་ཡིན་པས་མི་ཚང་མས་སྒྲིག་འཛུགས་དང་མི་རིགས་ཀྱི་ཆེད་དུ་བསམ་ཚུལ་འདོན་ཆོག་པས། སྐབས་རེ་རྩོད་རྙོག་ཅུང་ཙམ་བྱུང་ཡང་གཟི་བརྗིད་ཅིག་ཏུ་བརྩི་མི་ཆོག་པ་ཞིག་མ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།