ཀྲུའུ་ཡོང་ཁང་གི་ནག་ཉེས་ལ་ཞིབ་བཤེར།
དེ་རིང་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཟུར་པ་ཀྲུའུ་ཡོང་ཁང་གི་ནག་ཉེས་ལ་ཞིབ་བཤེར་བྱེད་བཞིན་ཡོད་འདུག
དེ་རིང་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཟུར་པ་ཀྲུའུ་ཡོང་ཁང་གི་ནག་ཉེས་ལ་ཞིབ་བཤེར་བྱེད་བཞིན་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༢༩ ཉིན་ཤིན་ཧྭ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཀྲུའུ་ཡོང་ཁང་ཚབས་ཆེའི་སྒྲིག་འགལ་དང་འབྲེལ་བའི་དོགས་གཞིའི་འོག << རྒྱ་ནག་དམར་ཤོག་ཚོགས་པའི་བཅའ་ཁྲིམས་>>དང་<<རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་གཞི་རྟོག་ཞིབ་ཚན་པའི་ཉེས་དོན་རྟོག་ཞིབ་ལས་དོན་གཏན་འབེབས>> ལ་གཞིགས་ཏེ། རྒྱ་ནག་དམར་ཤོག་དབུས་སྒྲིག་བཤེར་ལྷན་ཁང་གིས་ཀྲུའུ་ཡོང་ཁང་གི་ནག་ཉེས་ཞིབ་བཤེར་བྱེད་བཞིན་ཡོད་ཅེས་བཀོད་འདུག
རྒྱ་ཡིག་གི་ཡིག་འབྲུ་གྲངས་༧༠ ཙམ་ལས་མེད་པའི་གསར་བསྡུས་དེའི་ཁ་བྱང་ནང་དུའང་ཀྲུའུ་ཡོང་ཁང་གི་མིང་བཀོད་མེད་པ་མ་ཟད། གསལ་བསྒྲགས་དེའི་ནང་ཀྲུའུ་ཡོང་ཁང་གི་ཚབས་ཆེའི་ནག་ཉེས་ཀྱི་ཞིབ་ཕྲའི་ནང་དོན་ཁ་གསལ་གང་ཡང་བྲིས་མི་འདུག
ཀྲུའུ་ཡོང་ཁང་ནི་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཟུར་པ་དང་རྒྱ་ནག་དབུས་སྲིད་ཁྲིམས་ཨུད་ཡོན་ལྷན་ཁང་གི་དྲུང་ཆེ་ཟུར་པ་ཡིན་ཞིང་། རྒྱ་ནག་དམར་ཤོག་ཚོགས་པ་གསར་འཛུགས་བྱས་ནས་ད་ལྟའི་བར་ནག་ཉེས་ཞིབ་བཤེར་བྱས་པའི་རིམ་པ་མཐོ་ཤོས་ཀྱི་དཔོན་རིགས་ཡིན་པ་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ནང་“མི་བཞི་ཤོག་ཁག་”མགོ་རྟིང་སློག་པ་ནས་བཟུང་ཆེས་ཚབས་ཆེ་ཤོས་ཀྱི་གྱོད་དོན་ཆགས་ཡོད།
དེ་བཞིན་དེ་རིང་གི་རྒྱ་ནག་དབུས་བརྙན་འཕྲིན་ལས་ཁུངས་ཀྱི་<<གསར་འགྱུར་མཉམ་བསྒྲགས>>་ལེ་ཚན་ནང་དུའང་གསར་འགྱུར་དེ་བསྒྲགས་ཡོད་ཀྱང་། འགོ་བརྗོད་ཀྱི་གསར་འགྱུར་གཙོ་གྲས་ནང་དུ་མེད་པ་དང་། གསར་འགྱུར་ལེ་ཚན་འགོ་བཙུགས་ཏེ་སྐར་མ་༡༥ རྗེས་སུ་ད་གཟོད་བསྟན་ཡོད་པ་མ་ཟད། ཤིན་ཧྭ་གསར་ཁང་གིས་སྤེལ་བའི་གསར་བསྡུས་དེ་བསྐྱར་བཟློས་བྱས་པ་ཙམ་ལས། གཙོ་གནད་དུ་བཟུང་སྟེ་བཤད་མེད་པ་རེད།།