ཁ་ཆེ་གནས་མཇལ་བ་༧༡༧ རྡོག་རྫིས་ཐེབས་ནས་ཚེ་སྲོག་ཤོར་བ།
སོ་དྷི་ཨ་རབ་ཀྱི་ནང་དུ་ཡོད་པའི་ཁ་ཆེ་བའི་གནས་ཆེན་མེ་ཁར་(mecca)དུ་གནས་མཇལ་བ་༧༡༧ འཚང་ཁའི་ཁྲོད་རྡོག་རྫིས་ཐེབས་ནས་ཚེ་སྲོག་ཤོར་འདུག
སོ་དྷི་ཨ་རབ་ཀྱི་ནང་དུ་ཡོད་པའི་ཁ་ཆེ་བའི་གནས་ཆེན་མེ་ཁར་(mecca)དུ་གནས་མཇལ་བ་༧༡༧ འཚང་ཁའི་ཁྲོད་རྡོག་རྫིས་ཐེབས་ནས་ཚེ་སྲོག་ཤོར་འདུག
དེ་ཡང་ལོ་ལྟར་ཁ་ཆེ་བ་ས་ཡ་མང་པོ་སོ་དྷི་ཨ་རབ་ཀྱི་གྲོང་ཁྱེར་མེ་ཁར། ཧ་རྗེས་(Hajj)ཞེས་པའི་ཁ་ཆེའི་ཆོས་ལུགས་ཀྱི་ལོ་འཁོར་གནས་མཇལ་གལ་ཆེན་དེར་ཡོང་གི་ཡོད་པ་རེད།
ཟླ་འདིའི་ཚེས་༢༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཐེངས་འདིའི་གནས་མཇལ་སྐབས་ཁ་ཆེ་བ་ས་ཡ་མང་པོ་འདུ་འཛོམས་བྱུང་ཡོད་པས། འཚང་ཁའི་ཁྲོད་གནས་མཇལ་བ་༧༡༧ རྡོག་རྫིས་ཐེབས་ནས་ཚེ་སྲོག་ཤོར་ཡོད་པ་དང། མི་གྲངས་༨༦༣ ལ་རྨས་སྐྱོན་ཕོག་ཡོད་འདུག
ལོ་༢༥ ཡི་ནང་དུ་ཐེངས་འདིའི་གོད་ཆག་ཆེ་ཤོས་ཡིན་པ་དང། སོ་དྷིའི་རྒྱལ་པོས་གནས་མཇལ་བ་ཚོའི་འགྲུལ་ལམ་དང་འགྲུལ་བཞུད་གྲ་འགྲིག་པོ་བཟོ་དགོས་སྐོར་དང། གོད་ཆག་དེ་ལ་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་དགོས་པའི་བཀའ་བཏང་ཡོད་འདུག སོ་དྷི་ཨ་རབ་ཀྱིས་ཨ་སྒོར་ས་ཡ་མང་པོ་འགྲུལ་ལམ་དང་འབྲེལ་བའི་ཆ་རྐྱེན་སོགས་ལ་བཏང་ཡོད་པ་དང། དེའི་དགོས་པ་གཙོ་བོ་དེ་གོད་ཆག་དེ་འདྲ་མི་ཡོང་བའི་ཆེད་དུ་ཡིན་འདུག
རྒྱལ་ཁབ་དེའི་འཕྲོད་བསྟེན་བློན་ཆེན་གྱིས་གོད་ཆག་དེ་ནི་གནས་མཇལ་བ་ཚོས། དུས་ཚོད་རེའུ་མིག་ལ་དོ་སྣང་མ་བྱས་པར་འཚང་ཁའི་ངང་ཕྱིན་པ་ལས་བྱུང་བ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག
དེ་སྔོན་ཕྱི་ལོ་༡༩༩༠ ལོར་གནས་མཇལ་བ་༡,༤༢༦གི་ཚེ་སྲོག་ཤོར་ཡོད་པ་དང་དེ་ནི་ལ་བར་གོད་ཆག་ཆེ་ཤོས་དེ་ཡིན་འདུག
སྐལ་བཟང་དོན་གྲུབ།